[A:༥༡༥]དུ་བླ་མ་སངས་རྒྱས་རྒྱལ་མཚན་པའི་མནལ་ལམ་དུ། རོང་ངུར་སྨྲིག་དང་ཉེ་བར་མཚན་མ་བཟང་པོའི་རྨི་ལམ་དུ་ངུར་སྨྲིག་ཡོལ་ནས་མཁར་ཕུགས་མ་སླེབ་པའི་བར་དུ། གད་འཁྲིས་ཅིག་ཏུ་བསྡད་པའི་ཐོ་རངས་མི་མང་པོ་བན་བུན་འདུག་པའི་ནང་ནས་གཅིག་ན་རེ། ཁྱོད་རང་གི་བླ་མ་འདི་ས་སྐྱ་པཎྜི་ཏའི་སྤྲུལ་པ་ཡིན། དེ་ཡིན་པ་ལ་ཐེ་ཚོམ་མེད་ཅེས་ནན་ཏན་བྱེད་ཅིང་འདུག་པ་རྨི། དེ་ཕྱིན་ཆད་མཛད་སྤྱོད་རྣམས་ལེགས་པར་བརྟགས་པས་སྐྱོན་བརྗོད་དུ་མེད་པར་རྟོགས་སོ། །དེ་ནས་རིམ་གྱིས་གདན་སར་ཕེབས། གདན་སའི་དགེ་འདུན་རྣམས་ལ་མང་ཇ། འབུལ་པ། གྲལ་འགྱེད་ཤར་པའི་སྐུ་འདྲ་ལ་གསེར་ཆབ། ན་བཟའ། ས་བཟང་བའི་དུས་མཆོད་ལ་སྒྲུབ་མཆོད། ཚ་འདྲེན་ལ་སོགས་པ། བུདྡྷ་བ་ལ་གསེར་གྱི་མེ་ཏོག་དང་བཅས་ཏེ་མཇལ་བ་རྣམས་མཛད་ནས། སྐུ་འབུམ་དུ་ས་སྐྱ་པ་ཡབ་སྲས་ཀྱི་བཀའ་འབུམ་ལ་སོགས་པའི་ལུང་དང༌། དབང་བསྐུར་དང་སེམས་བསྐྱེད་ལ་སོགས་པའི་རང་རང་གི་འདོད་ཆོས་རྣམས་གསུངས་ལ། དེ་ནས་གཏིང་ཁེབས་དང་བྱང་ཕུག་རྣམས་སུ་བྱོན་ནས། མཁའ་འགྲོ་རྒྱ་མཚོ་དང༌། རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་དབང་ལུང་མང་པོ་གསུངས་ཤིང༌། བླ་མ་ཀུན་ལེགས་པས་སྔར་ཡང་ཐོབ་མོད། ཐོབ་པ་ཙམ་དུ་ཟད་འདུག །ལམ་འབྲས་ཤེས་ནས་བསྒོམ་པ་ཅིག་འདོད་པ་ལགས་པས་ཟབ་མོ་ཅིག་ཐུགས་ལ་འདོགས་པར་ཞུས་ཏེ། ཞིང་རྨོད་པའི་དུས་ནས་ལོ་ཕྱི་མ་གསར་ལ་ཁད་ཀྱི་བར་དུ་གསུངས༌། ཁོང་པ་རང་ཡང་གཟིགས་རྟོག་སློབ་གཉེར་དཔེ་ཆ་རྣམས་བྲི་བ་ལ་ཐུགས་རྩོལ་ཆེན་པོ་མཛད་ལ་གསུང་སྒྲོས་རྣམས་མཆན་དང་ཟིན་བྲིས་སུ་བྲི་ཡིན་འདུག་གོ །ལམ་འབྲས་ཚར་གཅིག་ལ་དེ་ལས་ཡུན་རིང་བ་དང༌། དབང་བྱིན་རླབས། ལུང་བཤད་པ། གདམས་ངག་ཕྲ་མོ་དང་བཅས་པ་རྒྱས་ཤིང་ཚང་བ་གནང་བ་མ་མཐོང་ངོ༌། །རྡོ་རྗེ་ཕྲེང་བ་ཀྲྀ་ཡ་ས་མུཙྪ་དང་བཅས་པ་ཡང་ས་བཟང་