[A:༥༡༤]གསུངས་ཤིང༌། བླ་མའི་ཐུགས་དགོངས་རྫོགས་པའི་ཆེད་དུ་བསྔོ་བ་མཛད་པ་ལ་བརྩོན་པར་མཛད་དོ། །དེ་ནས་ཆོས་ནར་མར་གསུངས་པའི་ངང་ནས། ཆོས་རྗེ་བུདྡྷ་བ་ལ་དབུས་སུ་འབྱོན་པའི་ལུང་བསྟན་ཞུས་པས། ལོ་གསུམ་ལ་ཕེབས་འབུ་དང་མཇལ་བ་གདའ་བ་བྱོན་གསུངས་པས། སུམ་ཅུ་སོ་གཉིས་པ་ལ་དབུས་སུ་བྱོན་ནས་ལྷ་སར་ཇོ་བོ་རིན་པོ་ཆེའི་དྲུང་དུ་གསེར་ཆབ་གསོལ་བ། མར་མེ་ཕུལ་ནས་ཕྱག་བསྐོར་དང་སྨོན་ལམ་མང་པོ་མཛད་དོ། །གསང་བུ་དང༌། བདེ་བ་ཅན། དགའ་བ་གདོང༌། སེ་ར། ཆོས་སྡིངས། མལ་གྲོ་རྣམས་སུ་རིམ་པར་བྱོན་ཏེ། དཔལ་སཾ་པུུ་ཊིའི་རྒྱུད་དང༌། རྡོ་རྗེ་འབྱུང་བ་ལ་སོགས་པའི་བཤད་པ། རྡོ་རྗེ་ཕྲེང་བ་ལ་སོགས་པའི་དབང༌། སྒྲུབ་ཐབས་རྒྱ་མཚོ་ལ་སོགས་པའི་རིག་གཏད། མ་ཧཱ་མཱ་ཡ་ལ་སོགས་པའི་རྫོགས་རིམ། ལམ་འབྲས་ལ་སོགས་པའི་བསྐྱེད་རྫོགས། རྒྱུད་འབུམ་ལ་སོགས་ལུང༌། གཞན་ཡང་ཆོས་འབྲེལ་ཞུ་བ་རྣམས་ལ་བླ་མའི་རྣལ་འབྱོར་ལ་སོགས་པའི་སྒོ་ནས། གསང་སྡེ་མཚུར་གསུམ་ལ་སོགས་པའི་དགེ་འདུན་མང་པོ་ལ་དམ་པའི་ཆོས་ཀྱི་དགའ་སྟོན་གྱིས་ཚིམ་པར་མཛད་ལ། རི་བོ་དགེ་ལྡན་དུ་བཙོང་ཁ་པ་བློ་བཟང་གྲགས་པའི་དྲུང་དུ་བྱོན་ཏེ། ལམ་རིམ་གཉིས། གསང་འདུས་ཀྱི་བཤད་རྒྱུད་གསུམ་གྱི་ཊཱི་ཀ །ངན་སོང་སྦྱོང་རྒྱུད། བསམ་གཏན་ཕྱི་མ་རྣམས་ཀྱི་ལུང་ཞུས་ལ། དེའི་ཚེ་གནས་བརྟན་རྒྱལ་འོད་ལ་སོགས་པ་རྣམས་ཀྱིས། དུས་འཁོར་ལ་སོགས་པའི་དབང་བསྐུར་རྣམས་གནང་དགོས་ཞུས་ཀྱང་མ་གནང་བར། བླ་མའི་རྣལ་འབྱོར་ལ་སོགས་པའི་ཆོས་འབྲེལ་རེ་ཙམ་མཛད་ཅིང་སྣང་ངོ༌། །དེའི་ཚེ་མནལ་ལམ་དུ་མི་དཀར་པོ་གཞོག་གཡས་པ་ས་ལ་གཏད་ནས་ཉལ་བ་ཅིག་ན་རེ། ཁྱེད་འདིར་ཆོས་མ་འཆད། ཡུན་རིངས་མ་འདུག་ངས་གནོད་པ་མི་བྱེད་ཟེར་བ་ཅིག་བྱུང་གསུངས་སོ། །མདོར་ན་སྐྱི་ཤོད་དུ་ལོ་ངོ་བཞི་བཞུགས་ནས་གཙང་དུ་བྱོན་ནོ། །དེའི་ཡར་ལམ་