R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༤༧༩
[A:༤༧༩]ཚོགས་པར་ཤེས་པར་འགྱུར། །ཞེས་གསུངས། ཡང་དམ་ཆོས་པདྨ་དཀར་པོ་ལས། ངས་ནི་དགེ་སློང་དགེ་འདུན་མོས་པར་བྱས། །ཀུན་དགའ་བཟང་པོ་ང་ཡི་ཆོས་འཛིན་པ། །བདེ་གཤེགས་བྱེ་བ་དྲུག་ཅུ་མཆོད་བྱས་ནས། །མ་འོངས་དུས་ཀྱི་ཚེ་ན་རྒྱལ་བར་འགྱུར། །དེ་ཡི་མིང་ནི་རྒྱ་མཚོ་བློ་འཛིན་ཏེ། །མངོན་པར་ཤེས་ཐོབ་ཅེས་ཀྱང་དེ་ན་གྲགས། །ལྟ་ན་སྡུག་པ་ཡོངས་སུ་དག་པའི་ཞིང༌། །མ་བསྙལ་རྒྱལ་མཚན་རྒྱལ་བའི་བ་དན་ནོ། །བྱང་ཆུབ་སེམས་དཔའ་གངྒཱའི་ཇི་སྙེད་དེར། །དེ་བས་ལྷག་པ་ཡོངས་སུ་སྨིན་པར་བྱེད། །རྒྱལ་བ་དེ་ནི་རྫུ་འཕྲུལ་ཆེ་བར་འགྱུར། །ཕྱོགས་བཅུའི་འཇིག་རྟེན་དུ་ནི་སྒྲ་ཡང་བསྒྲགས། །དེ་ཡི་ཚེ་ཡང་དཔག་ཏུ་མེད་པར་འགྱུར། །འཇིག་རྟེན་རྣམས་ན་ཕན་ཞིང་བརྩེ་ཕྱིར་གནས། །སྐྱོབ་པ་དེ་ནི་མྱ་ངན་འདས་འོག་ཏུ། །ཉིས་འགྱུར་དེ་ཡི་དམ་ཆོས་གནས་པར་འགྱུར། །དེ་ནས་གཟུགས་བརྙན་དེ་ཡི་ཉིས་འགྱུར་དུ། །གནས་ཏེ་རྒྱལ་བ་དེ་ཡི་བསྟན་པ་ལ། །དེ་ན་སེམས་ཅན་གངྒཱའི་བྱེ་མ་སྙེད། །སངས་རྒྱས་འབྱུང་བ་དེ་ལ་རྒྱུ་ཡང་བསྐྱེད། །ཅེས་གསུངས་སོ། །དེ་ལྟར་མདོ་གཉིས་ནས་ལུང་བསྟན་པའི་གཞུང་གི་སྐབས་དོན་ལ་དཔྱད་ན། སྔ་མ་ནི་འཇིག་རྟེན་མགོན་པོ་སྟེ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པར་བསྟན་ཅིང་བཟང་སྐྱོང་སོགས་སེམས་དཔའ་ཆེན་པོ་རྣམས་དང་ཆོས་མཚུངས་སུ་བསྟན། །མདོ་ཕྱི་མ་ནི་ཉན་ཐོས་ཆེན་པོ་རྣམས་ལུང་བསྟན་པ་ལས་ཚིག་འདི་དག་འཕགས་པ་ཀུན་དགའ་བོ་ལུང་བསྟན་པའི་སྐབས་ན་སྣང་བས་འདི་དང་ཡང་ཐུགས་རྒྱུད་གཅིག་པར་སྣང་ངོ༌།། ༈ གཉིས་པ་སྐུ་སྐྱེ་བ་སྔ་མ་རྣམས་སུ་བསྟན་པ་ལ་བྱ་བ་བྱས་ཚུལ་ནི། བྱང་ཆུབ་སེམས་དཔའ་གཞོན་ནུ་རྒྱལ་མཆོག་གི་ཞལ་སྔ་ནས། རྒྱལ་བའི་མདུན་ན་དྲི་མ་མེད་པའི་དཔལ། །དགའ་ལྡན་གནས་ན་དུལ་བའི་དབང་པོ་སྟེ། །འཕགས་པའི་ཡུལ་ན་གསང་བའི་རྒྱ་མཚོ་ཉིད། །ཁ་བ་ཅན་ན་ཀུན་དགའ་བཟང་པོར་གྲགས། །ཞེས་གསུངས། གྱོང་པོར་