[A:༥༥༩]ལྡན་པ་གཉིས་སྐུ་མདུན་ན་ཡོད་པའི་ཚེ། སཾ་སྐྲྀ་ཏའི་སྐད་འབའ་ཞིག་གསུང་ཞིང་དབུ་ཆོག་ཆོག་མཛད་པ་ན། ཆེན་པོ་ཀུན་བསོད་པས། གར་དང་དཔའ་བོ་མང་པོ་མཛད་ཀྱིན་གདའ། ཅི་འདྲ་ཞིག་བྱུང་ལགས་ཞུས་པས། ཅི་ཟེར་གྱིན་འདུག་པ་གསུངས། ཞལ་ནས་བཛྲ་ཌཱ་ཀི་ནཱི་སོགས་རྒྱ་གར་གྱི་སྐད་འདྲ་གསུང་ཞིང་དབུ་ཡོན་ཡོན་མཛད་ཀྱིན་གདའ་ཞེས་ཞུས་པས། རྨི་ལམ་ཡིན་པ་འདུག །བྱང་གི་བླ་མ་ས་ཆེན་བདེ་བར་གཤེགས་པའི་ས། སྐྱ་བོ་ཁ་གདངས་ཀྱི་བྱང་གི་རི་ངོས་དེ་ན་ཕར། རྗེ་བཙུན་ཆེན་པོ་འབྱོན་གྱིན་འདུག །དེའི་རྗེས་ལ་བུད་མེད་སྔོ་དམར་འགའ་ཞིག་ཀྱང་འགྲོ་ཡིན་འདུག་པ། དེ་ན་ཕར་ཕྱིན་པ་ཅིག་རྨིས་ཞེས་གསུངས། དེ་ཡང་དབུ་ཆོག་ཆོག་མཛད་པ་སོགས་ནི། བདེ་མཆོག་གི་གཞུང་ལས། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེས་ལྟེ་བའི་འོག་གི་རྩ། གཏུམ་མོ་མེའི་དྲོད་ཅན་དུ་གང་བས། ལོངས་སྤྱོད་རྫོགས་པའི་སྐུ་ནམ་མཁའ་གང་བ་མཐོང་ངོ༌། ཆོས་ཉན་པ་དང་ཞིང་ཁམས་དཔག་ཏུ་མེད་པར་འགྲོ་སྟེ། ནང་རྟགས་སུ་ལུས་འོད་ཀྱི་དཀྱིལ་འཁོར་དུ་འབྱུང་བ་དང༌། གར་བྱེད་སྙིང་འདོད་པ་འབྱུང་ངོ༌། །དེ་ཟག་བཅས་ཀྱི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་ཏེ། དེའི་དུས་སུ་ཕ་མའི་ཁུ་ཁྲག་གི་ཐིག་ལེ་བྱེ་ནས། མའི་ཁྲག་རྐང་འོག་ཏུ་ཉི་མའི་དཀྱིལ་འཁོར་དུ་སོང་ནས། ཕའི་ཐིག་ལེ་ཉི་མའི་དཀྱིལ་འཁོར་དུ་སོང་བ་དང༌། ཕ་མ་གཉིས་ཀྱི་ཁུ་ཁྲག་གིས་རྐྱེན་བྱས་པའི་རྣམ་སྨིན་གྱི་ལུས་བོར་ནས་ཡེ་ཤེས་ཀྱི་ལུས་སུ་འགྱུར་བ་དང་ཞེས་གསུངས་སོ། །གཞུང་ཆེ་བ་དག་ཏུ་ནི་ཟླ་བ་འོག་དང་རཀྟ་གྱེན་དུ་འགྲོ་བར་བཤད་དོ། །འདི་རིམ་བཞི་ལོ་ཆུང་ལུགས་སུ་བཀོད་པའོ། །ཡང་ཐོ་རངས་ཤིག །དཔོན་ནེ་ཀུན་དགའ་དབང་ཕྱུག་གི་ལམ་འབྲས་ལྷ་ཁང་ནས། ནམ་ཅུང་མ་གསལ་ཙམ་ལ་སྐུ་མདུན་དུ་སླེབ་པའི་ཚེ་སྐུ་གཟུགས་གར་གྱི་རྣམ་པ་ཕྲུག་ཕྲུག་པ་མཛད་ཅིང༌། སྤྱན་འབྲུ་ཚུགས་སུ་མཛད་ཀྱིན་འདུག་པ། ཅུང་ཟད་ཅིག་ནས་དེ་ཀུན་དགའ་