[A:༥༥༨]མྱ་ངན་གྱི་ཆ་ལུགས་བྱེད་པ་ལ་སོགས་པ་ཆོས་དང་ཤིན་ཏུ་མི་མཐུན་པས། དེ་ལྟ་བུའི་རིགས་གཅིག་ཀྱང་མ་བྱེད་གསུངས་པ་ལ་སོགས་པའི་ཞལ་ད་རབ་ཏུ་ཞིབ་པ་མཐའ་ཆོད་པར་གནང་འདུག །དེ་དག་གི་སྐབས་སུ་ནམ་མཁའ་ལ་འཇའི་བྱེ་བྲག་སྣ་ཚོགས་ནི་རྒྱུན་དུ་བྱུང་ཞིང༌། ཁྱད་པར་ས་ག་ཟླ་བའི་ཚེས་བཅུ་བཞི་དང་བཅོ་ལྔ་ལ། འཇའ་ཁ་དོག་དང་དབྱིབས་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་བྱུང་བ་དང༌། མེ་ཏོག་སྣ་ཚོགས་ཀྱི་ཆར་འབབ་པ། རི་ངུར་བ། འོད་ཆེན་པོ་ལུང་པའི་ཕུ་མཐར་འགྲོ་བ། ནམ་མཁའ་ལ་རོལ་མོའི་སྒྲ་མང་པོ་སྒྲོགས་པ། དགོན་གནས་ཐམས་ཅད་དྲི་བཟང་པོས་ཁྱབ་པ་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་དག་བྱུང་བས་སྐྱེ་བོ་ཕལ་མོ་ཆེས། དེའི་ཞག་ཕྱི་རོལ་གྱི་རྟགས་ལ་དཔགས་ནས་ཆོས་རྗེ་ངོར་པ་ཚེས་བཅུ་བཞིའམ་བཅོ་ལྔ་གང་རུང་ལ་བདེ་བར་གཤེགས་སོ་ཞེས་སྒྲོགས་པ་བྱུང་ངོ༌། །དེའི་ཚེ་རྗེའི་ཞལ་ནས་ཆོས་རྗེ་ཤར་པ་ཚེས་བཅུ་ལ་བདེ་བར་གཤེགས་པ་ཡིན། སློབ་དཔོན་དཀོན་རྒྱལ་བ་ཡུན་རིང་ཞེས་ཡང་ཡང་གསུངས། ནང་དུ་ཡང་མནལ་ལམ་ལ་སོགས་པ་དག་པའི་སྣང་བའི་གཟིགས་སྣང་སྣ་ཚོགས་བྱུང་བར་སྣང་སྟེ། ནུབ་གཅིག་མནལ་ལམ་དུ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་སྐུ་གཅིག་འགྱེལ་ནས་ཁ་བུབ་ཏུ་བཞུགས་འདུག་པ། རྗེ་རང་ཡང་དེ་ཉིད་ཡིན་སྙམ་པ་ཅིག་ལ་མི་མང་པོ་ཞིག་ན་རེ། ད་འདི་བསླང་རན་འདུག་སློངས་ཟེར་ནས་སློང་གིན་འདུག་པས་ལངས་པ་ན། འཇམ་རྡོར་གྱི་གསེར་སྐུ་ལྟ་བུ་གསེར་ཁ་ཤིན་ཏུ་ལེགས་ཤིང་དྭངས་པ་འོད་ཟེར་འཕྲོ་བ་དང་བཅས་པ་ཞལ་གསུམ་ཕྱག་དྲུག་ལ་ཕྱག་མཚན་འདི་ཡིན་མི་གསལ་བ་ཅིག་ཏུ་གྱུར་པའི་རྒྱབ་ཀྱི་པད་གདན་ནས་མཐེ་བོང་ཙམ་ཅིག་མ་ཚང་བ་དེ་འདྲ་བ་ཅྀག་བྱུང་བ་རྨིས། ལངས་པ་དེ་ཅུང་ཟད་དགའ་བ་སྲིད་དེ་འོན་ཀྱང་གཟུགས་འགྱུར་བྱུང་བས་ཅི་འདྲ་འོང་ངམ་ཞེས་གསུངས། ཡང་ནུབ་གཅིག་སྲོད་ལ་ཆེན་པོ་ཀུན་བསོད་པ་དང༌། བླ་མ་དཔལ་