R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༤༨༢
[A:༤༨༢]བཟུང་བ་འདིའི་དབང་དུ་བྱས་པའི་རྣམ་པར་ཐར་པ་ཅུང་ཟད་ཅིག་བརྗོད་པར་བྱ་བ་ལ་གཉིས་ཏེ། རབ་ཏུ་མ་བྱོན་པ་དང༌། རབ་ཏུ་བྱོན་པའི་རྣམ་པར་ཐར་པའོ། །གུ་གེ་པཎ་ཆེན་གྱིས་ས་བཅད་གསུམ་དུ་མཛད། ཆོས་དཔལ་བཟང་པོས་སྔར་མཛད་པ་སོགས་མང་ཡང་གནད་དོན་གཅིག་གོ །དང་པོ་རབ་ཏུ་མ་བྱོན་གོང་གི་རྣམ་ཐར་ནི། རྗེ་འདིའི་རིགས་དང་གདུང་ནི། རྒྱལ་པོ་ཆེན་པོའི་སྐུ་ཞང་དུ་གྱུར་པ་ཅོག་རོའམ་ཅོག་གྲུར་གྲགས་པ་ཅོག་རོ་ཀླུའི་རྒྱལ་མཚན་ལ་སོགས་པ་མང་དུ་བྱུང་བའི་བརྒྱུད་པ་བཟང་པོའོ། །ཡབ་མེས་གོང་མ་རྣམས་འབྲིང་འཚམས་ནས་ས་སྐྱ་ཕྱོགས་སུ་བྱོན་ཏེ། ག་ར་ལ་སོགས་པར་འབྲོག་མཛད་ཅིང་བཞུགས་པ་ལས་རིམ་གྱིས་བདག་ཆེན་གཞི་ཐོག་པའི་གསོལ་ཇ་བར་གྱུར་པ་ཡིན་ལ། ཁྱད་པར་རྗེ་འདི་ཉིད་ཀྱི་ཕྱི་ལྟར་གྱི་ཡབ་ནི། ས་སྐྱ་ཚོགས་ཀྱི་ཉེ་གནས་ཆེན་པོ་དཔོན་ཚང་གྲུབ་པ་ཡོན་ཏན་ཞེས་བྱ་བ་དཔལ་ལྡན་བླ་མ་དམ་པའི་དྲུང་ནས་ཞུས་པའི་ཡོངས་རྫོགས་དགེ་བསྙེན་ཡིན་ཅིང༌། ནང་ལྟར་ན་བདག་ཆེན་གཞི་ཐོག་པ་ཀུན་དགའ་རིན་ཆེན་ཡིན་ཏེ། གྲུབ་ཆེན་སྲད་པ་ཀུན་བློས། ཕྱི་ལྟར་ཉེ་གནས་ཆེན་པོ་གྲུབ་པའི་སྲས། །སྦས་པའི་ཡབ་ནི་བདག་ཆེན་ཀུན་རིན་ཡིན། །དཔལ་ལྡན་ཀུན་དགའི་རིགས་བརྒྱུད་ས་སྐྱ་པ། །དཔལ་ལྡན་ས་སྐྱ་པ་ལ་གསོལ་བ་འདེབས། །ཞེས་གསུངས། ངེས་དོན་གསང་བ་ལྟར་ན། གསེར་འོད་དམ་པར། སྐུ་ལ་རུས་པ་ཁྲག་མེད་ཅིང༌། །ཞེས་སོགས་གསུངས་པ་ལྟར། ཡབ་ཡུམ་གྱི་ཚུལ་བསྟན་པ་ཙམ་མ་གཏོགས་སྤྲུལ་པར་སྣང་སྟེ། མཉམ་མེད་ཟས་གཙང་སྲས་པོ་ཡུམ་གྱི་ལྷུམས་སུ་འཇུག་པ་ན་ཡུམ་གསོ་སྦྱོང་ལ་གནས་པའི་ཚེ་གླང་ཆེན་ཐལ་ཀར་གྱི་རྣམ་པས་ཞུགས་པ་དང་ཚུལ་མཚུངས་ཏེ། རྗེ་འདི་ལྷུམས་སུ་འཇུག་པ་ན་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཤིང༌། དགེ་སློང་ཚུལ་བཀྲས་ཞེས་བྱ་བ་རྡོ་རྗེ་རྣམ་འཇོམས་ཀྱི་གྲུབ་ཐོབ་ཅིག་ཡོད་པ་