R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༤༨༣
[A:༤༨༣]དེའི་མནལ་ལམ་དུ། བླ་མ་རྗེ་བཙུན་གོང་མ་རྣམས་ཀྱི་ཕྱི་རྟེན་སྐུ་འབུམ་རྣམས་ཀྱི་བུམ་པ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་དང༌། ཁྱད་པར་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཕྱི་རྟེན་བུམ་པའི་བུམ་པ་ནས་འོད་དཀར་པོ་དུ་མ་འཕྲོས་ཏེ། ས་སྐྱ་ཚོགས་ཀྱི་འགྲམ་ན་ཁང་པ་ཡོད་པའི་དབྱར་དུས་མཐོང་ཁའི་ཐད་དུ་ཡུམ་གཟིམས་པའི་ལུས་ལ་ཕོག་པ་རྨིས། དེ་དང་དུས་མཐུན་པར་སྐུ་ལུས་དང་ལྡན་པར་གྱུར་པས་དེ་ནས་ལུང་བསྟན་མཛད་པས་སོ། །ཡུམ་ནི་སྒྲོལ་མ་དཀར་མོའི་རྣམ་འཕྲུལ་བླ་བྲང་རིན་ཆེན་སྒང་པའི་དཔོན་སྐྱ་ཤབ་ཀྱི་སྨད་ཀྱི་སྐྱེ་ཡུལ་མ་དཔོན་སེང་གེ་ཞེས་བྱ་བའི་སྲས་མོ་བསོད་ནམས་དཔལ་འདྲེན་ཞེས་བྱ་བ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་དྲུང་དུ་ཞུས་པའི་སྣ་འགའ་སྤྱོད་པའི་དགེ་བསྙེན་མ་ཡིན་ནོ། །དེ་སྐད་དུ་མཁས་པ་ཀུན་བློས། ཡུམ་གྱུར་སྒྲོལ་མ་དཀར་མོའི་སྤྲུལ་པ་མཆོག །ས་སྐྱའི་ཞབས་འཁྲུངས་བསོད་ནམས་དཔལ་འདྲེན་ཡིན། །ཞེས་སོ། །གང་དུ་སྐྱེ་བ་བཞེས་པའི་གནས་ནི་དཔལ་ལྡན་ས་སྐྱ་ཞེས་སྙན་གྲགས་སྲིད་པ་གསུམ་ན་གསལ་བ་བོད་ཀྱི་རྡོ་རྗེ་གདན་ཉིད་ཡིན་ནོ། །ནམ་ལྷུམས་སུ་ཞུགས་པའི་དུས་ནི། ཡབ་མེ་ཕོ་སྤྲེལ་ལོ་པ་ཉི་ཤུ་རྩ་བདུན་པ་དང༌། ཡུམ་ས་ཕོ་ཁྱི་ལོ་མ་ཉི་ཤུ་རྩ་ལྔ་མ་ལ་ལྷུམས་སུ་ཞུགས་དུས་སྐྱེས་བུ་དམ་པ་ཡུམ་གྱི་ལྷུམས་སུ་ཞུགས་པའི་མཚན་ལྟས་དང་ལྡན་པར་གྱུར་ཅིང༌། བྲང་ཁང་བྱི་ཁྲུང་སྒོ་ན་བཞུགས་པའི་དགེ་སློང་ཚུལ་བཀྲས་པ་ལ་སྔར་བཤད་པའི་རྨི་ལམ་དེ་བྱུང་ནས། ཡུམ་ལ་ཁྱེད་ཀྱི་ལྷུམས་ན་བཞུགས་པ་འདི་ལ་སྐྱེས་བུ་དམ་པ་ཅིག་འབྱོན་པར་འདུག་པས་བར་ཆད་ཀྱི་དབང་དུ་མ་ཤོར་བར་མཛོད་ཅིག་ཅེས་ལུང་བསྟན་མཛད་དོ། །དགེ་སློང་དེ་ཡང་གང་ཟག་བཟང་པོ་ཞིག་ཡིན་ཏེ། ཁོང་སྐུ་གཤེགས་པའི་ཚེ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་གཤེགས་སོ་ཞེས་གྲག་གོ །དེ་ནས་ཁོང་གི་གསུང་བཞིན་མཛད་པར་དགོངས་ཏེ།