[A:༥༨༥]ལེགས་པར་གནས་ཞེས་སྟོན་པ་ཡིན། །ཨ་ཧོ་སྔོན་དགེའི་ལས་ཅན་བློ་ལྡན་རྣམས། །བརྡ་འདི་བཟུང་ནས་དོན་འདི་བསམ་མཛོད་དང༌། །སྟོན་དང་བསྟན་པ་འདི་ལ་བདུད་ལས་ཀྱིས། །མི་ཕྱེད་དད་པའི་ནོར་དང་ལྡན་པར་འགྱུར། །མ་རྟོགས་ལོག་རྟོགས་རྙོག་མའི་ཆུས་གང་བའི། །ཁྲོན་པར་གནས་པའི་སྦལ་ཆུང་ངང་ཚུལ་ཅན། །དེ་དག་ཀུན་གྱི་སྙིང་གི་སྡོང་དུམ་ལ། །འགྱོད་པའི་མེ་ཆེན་རབ་ཏུ་འབར་བར་འགྱུར། །དེ་སླད་མགོན་དེའི་བཀའ་སྲོལ་བདུད་རྩི་དང༌། །ཉི་འོད་ཡིན་བཞིན་ནོར་ལྟར་འགྲོ་ཀུན་གྱི། །ཉོན་མོངས་ནད་དང་རྨོངས་པའི་མུན་སེལ་ཞིང༌། །ཕན་བདེའི་འབྱུང་གནས་མཆོག་འདི་གཅེས་པར་ཟུངས། །བདག་ཀྱང་དེང་ནས་ཡང་སྲིད་ཐམས་ཅད་དུ། །འདྲེན་པ་མཆོག་དེའི་ཞབས་པད་གུས་མཆོད་ཅིང༌། །དགོངས་དོན་དྲི་མེད་གྲུ་ཆེན་ལེགས་བཟུང་ནས། །འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་བྱ་བ་དེ་དག་གིས་ནི་འདྲེན་པ་དམ་པ་དེ་ཉིད་ཀྱི་གསུང་ཚིག་རྐང་བདུན་པོའི་དོན་འོལ་བྱི་ཙམ་དུ་བཀྲོལ་བ་ཡིན་ལ། འདི་ལ་གསུང་སྒྲོས་འགའ་ཞིག་ལས། གཅན་ལུང་གི་རི་བོ་སྒང་དུ་རྗེ་བཙུན་དཀར་པོ་རྣམ་གསུམ་ས་པཎ་དང་བཞི་གཟིགས་པ་དེ་ཉིད་བཀའ་རྒྱ་ཐིམ་པའི་གཟིགས་སྣང་ཡིན་གསུང་པ་ནི་སྒྲོས་མ་ངེས་པར་སྣང་སྟེ། རི་བོ་སྒང་དུ་གཟིགས་པ་ནི། ཐོག་མའི་ལམ་འབྲས་གསུངས་བཞིན་པའི་སྐབས་ཡིན་ཞིང༌། གཟིགས་པའི་རྒྱུ་མཚན་ཡང་གཞན་ཡིན་ལ། འདིར་བཤད་པ་ནི་ལམ་འབྲས་གཏན་ནས་མ་གསུངས་པའི་བཀའ་རྒྱ་ཐིམ་ནས་གསུངས་པས་ཆོག་གམ་མི་ཆོག་ཐེ་ཚོམ་ཅུང་ཟད་འཁྲུངས་པའི་ཚེ། གསུང་པས་ཆོག་པའི་རྟགས་སུ་གཟིགས་པ་ཡིན་ནོ། །དེས་ན་འདི་གཉིས་ལ་གནས་དང་དུས་དང་གཟིགས་པའི་ལྷ་རྣམས་ལ་ཁྱད་པར་ཤིན་ཏུ་ཆེ་བ་ཡོད་པས་གཅིག་ཏུ་གཟུང་བར་མི་བྱའོ་ཞེས་པ་འདི་ནི་དགེ་སློང་དཔལ་ལྡན་དོན་གྲུབ་ཀྱིས་དཔལ་ཨེ་ཝཾ་ཆོས་ལྡན་དུ་བྲིས་པའོ།། །།མངྒ་ལཾ།།