[A:༥༨༤] །དེ་རྒྱུན་ལྔར་འཕེལ་དེའི་ཁ་དོག་ཀྱང༌། །རྣམ་ལྔ་ལྡན་པ་འཇའ་ཚོན་ལྟ་བུ་བྱུང༌། །མགོན་དེའི་ཕྱག་གཡས་མཐིལ་དུ་བབས་ཙམ་གྱིས། །སྐད་ཅིག་དེ་ལ་དྲུ་བུ་ལྟ་བུ་ཡི། །འོད་ཀྱི་གོང་བུ་གཅིག་ཏུ་འཁྱིལ་བ་ལས། །ཕྱོགས་བཅུར་འཕྲོ་བའི་རྣམ་པ་ཅན་དུ་གྱུར། །འོད་ཕུང་དེ་ལས་སླར་ཡང་འོད་རྣམ་ལྔ། །རྒྱུན་ཆད་མེད་པར་འཕྲོས་པ་དེ་ཡི་སྣ། །ཕྱག་གཡོན་གནས་པའི་གླེགས་བམ་ལ་ཐིམ་པའི། །གཟིགས་ཚུལ་ཟབ་ཡངས་ངོ་མཚར་དེ་རྣམས་བྱུང༌། །ཨེ་མ་བརྡ་འདིས་མཚོན་པའི་དོན་མཐའ་དག །བདག་འདྲ་བྱིས་པའི་བློ་ཡི་ཡུལ་ལས་འདས། །འོན་ཀྱང་ཕྱོགས་ཙམ་རྟོགས་ན་འགའ་ཞིག་ལ། །དོན་ཆེན་འདྲེན་ཕྱིར་ཅུང་ཟད་འདི་གསོན་ཅིག །དེ་ལྟར་གཟིགས་པའི་བླ་མ་ལྷར་བཅས་ལ། །མཁྱེན་བརྩེ་ནུས་པ་ཉེ་རིང་མ་མཆིས་ཀྱང༌། །རྗེ་བཙུན་མཆོག་ལ་འོད་ཟེར་སྤྲོ་བ་སོགས། །ལས་འབྲེལ་ཟབ་མོ་ཉེ་བའི་དབང་གིས་ཏེ། །སྔོན་ཚེ་འཁྲུལ་ཟད་གྲགས་པའི་ཞབས་དྲུང་དུ། །མགོན་འདི་དབྱིལ་སྒོམ་ཚུལ་ཁྲིམས་རྒྱལ་པོར་འཁྲུངས། །ལམ་འདི་ནོས་ནས་ཐོས་བསམ་སྒོམ་པས་བཟུང༌། །སྨིན་གྲོལ་མཛད་དེའི་མཚོན་བྱེད་འདི་ལགས་སོ། །འོད་དཀར་གཅིག་ལས་རིམ་གྱིས་གཉིས་དང་ལྔར། །འཕེལ་ཞིང་འཕྲོ་བའི་ཚུལ་ཅན་བརྡ་འདི་ཡིས། །སྤྲོས་བྲལ་དབྱིངས་ལ་ཐབས་ཤེས་རྣམ་གཉིས་དང༌། །ཡོན་ཏན་དབྱེ་བས་ཡེ་ཤེས་རྣམ་ལྔས་མཚོན། །དེ་རྒྱུན་འདྲེན་པའི་ཕྱག་ཏུ་བབས་པའི་དབྱིབས། །དྲུ་བུ་ལྟ་བུར་འདྲིལ་བའི་བརྡ་འདི་ཡིས། །ལམ་བཟངས་མཆོག་འདི་ཡན་ལག་དང་བཅས་ཀུན། །གཅིག་ཏུ་འདུས་པའི་མངའ་བདག་ཡིན་ཞེས་སྟོན། །གོང་བུ་དེ་ལས་སླར་ཡང་འོད་ཀྱི་རྒྱུན། །ཕྱོགས་བཅུར་འཕྲོ་བའི་ཚུལ་ཅན་བརྡ་འདི་ཡིས། །ཕྱོགས་བཅུར་གནས་པའི་སྐལ་ལྡན་མ་ལུས་པ། །སྨིན་གྲོལ་མཆོག་ལ་འགོད་ཅེས་ལེགས་པར་སྟོན། །འོད་དེའི་རྒྱུན་གྱི་རྩེ་མོ་གླེགས་བམ་ལ། །ཐིམ་པའི་རྣམ་རོལ་ངོ་མཚར་བརྡ་འདི་ཡིས། །སྲོལ་བཟང་འགྲོ་བའི་དོན་དུ་བསྐལ་པའི་མཐར། །མི་ཉམས་