[A:༡༦ན]དཔྱོད་དང་བཅས་པ་གནང་བ་ཐོས། དེ་ནས་ལམ་སྦས་བཤད་ཀྱི་བྱིན་རླབས་དང་། དེའི་ཁྲིད་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ཡིག་ཆའི་སྟེང་ནས་དང་། བརྡ་དོན་གསལ་བའི་བྱིན་རླབས་དང་། དེའི་ཁྲིད་བདག་ཆེན་རྡོ་རྗེ་འཆང་གིས་སེམས་དཔའ་ཆེན་པོའི་གསུང་ལ་ཟིན་བྲིས་གནང་བའི་སྟེང་ནས་གནང་། དེ་དག་གི་སྐབས་སུ་ཟིན་ཐུན་ལ་རབ་གནས་ཀྱི་བཤད་པ་སློབ་དཔོན་རིན་པོ་ཆེའི་བཟང་པོ་དྲུག་གི་སྟེང་ནས་གནང་། གཞན་ཡང་ཚོགས་འཁོར་གྱི་བཤད་པ་རྒྱས་པ་དང་། དེ་ལས་འཕྲོས་ནས། རྗེ་མུས་སྲད་པས་ངོར་པ་ལ་དགག་ཆེན་བརྒྱད་གནང་བའི་ལན་ཡང་རྒྱས་པར་གནང་། རྗེ་ཀླུ་སྒྲུབ་རྒྱ་མཚོ་ཉིད་ཀྱིས་མཛད་པའི་ལམ་འབྲས་སློབ་བཤད་ཀྱི་ཆོས་འབྱུང་། ཁོག་ཕུབ། སྣང་གསུམ། ལྟ་ཁྲིད། དབང་བཞི་སོ་སོ་དང་འབྲེལ་བའི་ཁྲིད་ཡིག་ཡོངས་རྫོགས་ཀྱི་ལུང་བཤད་ཞིབ་མོ། རབ་གནས་བཟང་པོ་དྲུག་པའི་གཞུང་ཚིགས་བཅད་མ་དང་། དེའི་འགྲེལ་པ་ཞལ་སློབ་ཀྱིས་རྗེ་ཀླུ་སྒྲུབ་རྒྱ་མཚོའི་གསུང་ལ་ཟིན་ཐུན་གནང་བའི་ལུང་ཡང་ཐོས་ཤིང་། མཐར་ལམ་འབྲས་ཡོངས་སུ་རྫོགས་པའི་སློབ་མ་ལ་བྱ་བའི་མགོན་རྐྱང་གི་རྗེས་གནང་། བརྡ་ཆིག་བརྒྱུད། བསྒྲུབ་པ་ལུང་སྦྱིན་པ། གསང་བ་བཅུའི་རྒྱས་བཏབ་པའི་བར་ཡོངས་སུ་རྫོགས་པ་སྟེ་ཆ་ལག་ཀུན་ཚང་བ་དང་བཅས་པ་ཐོབ་པ་དེ་དག་གི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རྗེ་བདག་མེད་མ། རྣལ་འབྱོར་དབང་ཕྱུག་བིརྺ་པ། ཤར་ཕྱོགས་ནག་པོ་པ། རྗེ་བཙུན་ཌ་མ་རུ། གཉིས་སྤངས་ཨ་ཝ་དྷུ་ཏི་པ། པཎ་གྲུབ་ག་ཡ་དྷ་ར། བླ་ཆེན་འབྲོག་མི། སེ་སྟོན་ཀུན་རིག བླ་མ་ཞང་