R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༨ན
[A:༢༨ན]གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་དམ་པ་དེ་ཉིད་ཀྱི་དྲུང་དུ། ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་གསུང་ངག་རིན་པོ་ཆེའི་སྐོར་གྱི་ཡིག་ཆ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལམ་འབྲས་པོད་ནག་མར་གྲགས་པའི་ཆོས་ཀྱི་རྣམ་གྲངས། བླ་མ་བརྒྱུད་པའི་རྣམ་ཐར་ངོ་མཚར་སྣང་བ། གཞུང་བཤད་མན་ངག་གི་མཛོད། གཞུང་ཇི་ལྟ་བ་བཞིན་དཀྲི་བའི་གཞུང་ཤིང་སྦས་དོན་གསལ་བ། གནད་བཅུ་གཅིག་གི་དཀྲི་བའི་གཞུང་ཤིང་གནད་ཀྱི་སྒོ་འབྱེད། གནད་དྲུག་གི་བཀྲི་བའི་གཞུང་ཤིང་གནད་ཀྱི་ལྡེ་མིག དབང་པོ་རབ་འབྲིང་གསུམ་དཀྲི་བའི་གཞུང་ཤིང་། ཉུང་ངུ་རྣམ་གསལ་བླ་མའི་རྣལ་འབྱོར་ཞལ་ཤེས་ཀྱི་ཡི་གེ་དང་བཅས་པ། ལུས་དཀྱིལ་གྱི་དབང་ཆོག ལམ་དུས་ཀྱི་དབང་ཆོག་སྟེ་པོད་ནག་མ་ཡོངས་སུ་རྫོགས་པའི་ལུང་ཐོབ་པའི་བརྒྱུད་པ་ནི། ཆོས་ཀྱི་རྗེ་བླ་མ་དམ་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས་པ། གྲུབ་ཆེན་བུདྡྷ་ཤྲཱི། རྗེ་རྡོ་རྗེ་འཆང་། རྗེ་སེམས་དཔའ་ཆེན་པོ། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་གསང་ཆེན་གདམས་པའི་མངའ་བདག་མཁན་ཆེན་ཆོས་ཀྱི་རྗེ་དེ་ཉིད་ཀྱིས། ཆོས་རྗེ་དབང་ཕྱུག་རབ་བརྟན་ལ་གསན་པའི་མཁས་གྲུབ་ཤང་པ་གདུབ་བུའི། ནཻ་གུའི་བརྒྱུད་འདེབས་ཚར་ཆེན་གྱིས་མཛད་