R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༣བ
[A:༦༣བ]སོགས་པ་གསུངས་ཏེ། ཆེ་བ་ནི་མི་སྟེ། དེ་རྣམས་ཀྱི་ཤ་ནི་ཤི་བའི་རོ་ལས་བྱུང་བས་ན་དམ་ཚིག་མཆོག་སྟེ། དེས་གཏོར་མ་བྱིན་ལ། རྡོ་རྗེ་གསུམ་མཆོག་ཅེས་བྱ་བ་རང་གི་ལུས་བསྒྲུབ་པར་བྱས་ན་ནམ་མཁའ་ལ་གནས་པ་ཐོབ་པར་འགྱུར་རོ་ཞེས་སོགས་རྒྱ་ཆེར་བཤད་ནས། དོན་བསྡུ་བ་ན་ཁ་ན་མ་ཐོབ་བ་མེད་པའི་ཤ་མེད་ན་ཆོ་ག་བྱ་བ་བསྟན་པར་བྱ་བའི་ཕྱིར་ཤ་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བཤད་པའི་ཤ་རྣམས་མ་རྙེད་ན་བསྒོམས་པས་ཤ་རྣམས་བསྐྱེད་པར་བྱའོ། །ཡང་ན་བག་ཕྱེ་ལ་སོགས་པ་ལ་མི་རོ་ལ་སོགས་པ་བྱས་ལ། དེའི་རང་གི་གཟུགས་ལས་སྲོག་དང་བྲལ་བར་བསམ་ནས། དེའི་མན་ངག་གིས་བསྒྲུབ་པར་བྱའོ། །རྡོ་རྗེ་སྦྱོར་བ་སྟེ་མི་བཤིག་པའི་ཁ་ཟས་ཀྱི་ཆོ་ག་བཤད་མ་ཐག་པ་འདི་བྱས་ན་སྒྲུབ་པ་པོ་ལ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་རློབས་པར་མཛད་ཅིང་། མངོན་པར་འདོད་པའི་དོན་གྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་རྒྱུད་དང་གཞུང་འགྲེལ་ཚད་ལྡན་རྣམས་ལས་ཤིན་ཏུ་མང་བར་གསུངས་སོ། །དེས་ན་ས་བཅུ་པའི་བྱང་ཆུབ་སེམས་དཔའ་པདྨ་དཀར་པོ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པས་ཆོས་ཤིན་ཏུ་གསལ་བར་བཤད་པ་འདི་དག་རྒྱང་རིང་དུ་བོར་ནས། ལྟར་སྣང་བའི་ལུང་དང་རིག་པས་ཕྱིན་ཅི་ལོག་གི་གྲུབ་པའི་མཐའ་འཛུགས་པ་ནི། འདོད་སྲེད་ཅན་གྱི་གདོན་གྱིས་ཟིན་པའམ། ཤེས་པ་རང་བཞིན་དུ་མི་གནས་པའམ། མངོན་སུམ་ལ་སྨྱོན་པ་ཁོ་ན་ཡིན་པར་གོར་མ་ཆགས་སོ། །དེ་བཞིན་དུ་དཀྱིལ་འཁོར་གྱི་ཆོ་ག་མཆོད་པ་དང་། རྣལ་འབྱོར་པ་རྣམས་ཀྱིས་བསྟེན་བྱར་གསུངས་པའི་ཆང་ཡང་རྒྱུད་སྡོམ་པ་འབྱུང་བ་ནས་ཇི་