[A:༦༤ན]ལྟར་བཤད་པ་ལྟར། གཙོ་བོའི་ཆོ་ག་ཚུལ་བཞིན་དུ་བྱས་པའི་བུར་ཆང་ངམ། ནས་ལ་སོགས་པ་རྒྱུད་སྡེ་ནས་བཤད་པ་དགོས་པ་ཡིན་གྱི། ཅི་ཡང་རུང་བའི་ཆང་གིས་ཚོགས་རྫས་བྱེད་པ་བཤད་པ་མེད་དོ། །དེ་ལྟར་བཤད་པའི་ཤ་དང་ཆང་རྣམས་ཀྱང་དཔའ་བོའི་སྟོན་མོ་ལ་སོགས་པའི་ཚེ་ལྷའི་རྣལ་འབྱོར་བརྟན་པོ་དང་ལྡན་པས་ཅུང་ཟད་ཁ་ཚིམ་པ་ཙམ་བསྟེན་པ་ཡིན་གྱི། ཧ་ཅང་རྒྱས་པ་དང་ཏིང་ངེ་འཛིན་བརྟན་པོ་དང་མི་ལྡན་པའི་ལས་དང་པོ་པའི་རིག་པ་འཛིན་པ་དག་གིས་ཆོ་ག་ཙམ་ཤེས་པའི་གཏན་ཚིགས་ཀྱིས་ཅི་དགར་འཇུག་པ་དང་། འཛག་བདེ་དོན་གཉེར་གྱི་བློས་ཕྱག་རྒྱ་བསྟེན་པ་རྣམས་བཀག་པ་ཡིན་ཏེ། དུས་འཁོར་ལས། ཕྱག་རྒྱ་བསྒོམ་པའི་དོན་དུ་གསུངས་ཏེ་ཉིན་མཚན་དུས་སུ་ཆགས་པ་ཟད་པའི་དོན་ནི་མིན་པ་ཉིད་གསུང་གི་རྡོ་རྗེ་མཆོད་པའི་དོན་ཏེ། ངེས་པར་སྔགས་པ་རྣམས་ལ་མྱོས་བྱེད་གསུངས་པ་ཉིད་མ་ཡིན། ཞེས་དང་། དེའི་འགྲེལ་པར། ད་ནི་ཕྱག་རྒྱ་ཞེས་པ་ལ་སོགས་པས་རྣལ་འབྱོར་པ་རྣམས་ཀྱི་ཕྱག་རྒྱ་དང་། མྱང་བ་དང་། ཁ་ཟས་དང་། རྒྱུ་བའི་ངེས་པ་གསུངས་ཏེ། འདིར་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་གསུངས་པ་ནི། བསྒོམ་པའི་དོན་དུ་རྣལ་འབྱོར་གྱི་ཕྱག་རྒྱ་གསུངས་པ་སྟེ། ཆགས་པ་ཟད་པའི་དོན་སྟེ། རྒྱུར་ཉིན་མཚན་དུ་བུད་མེད་དང་རོལ་བར་གསུངས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཆང་བཏུང་བ་ནི་ཅུང་ཟད་ཁ་ཚིམ་པར་བྱེད་པ་སྟེ། བུམ་པ་ལ་སོགས་པ་བཞིན་དུ་མ་ཡིན་ཏེ། མྱོས་བྱེད་ནི་རྣལ་འབྱོར་གྱི་དབང་པོ་རྣམས་ལ་ཐར་པ་སྟེར་བར་བྱེད་པར་མི་འགྱུར་རོ། །ཞེས་གསུངས་སོ། །དེ་བཞིན་དུ་སློབ་དཔོན་ཆེན་པོ་ཛྙཱ་ན་ཀིརྟིས། གང་