[A:༧༡བ] །ཕྱོགས་སྔའི་བསམ་པ་མ་ངེས་པར། །ཕྱོགས་འཛིན་གཏམ་གྱི་ཅ་ཅོ་ཡི། །ཕྱོགས་གཞན་ཁེགས་པར་མངོན་རློམ་པའི། །ཕྱོགས་རེའི་མིག་ཅན་འགའ་མེད་དམ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་དོན་ཚན་དྲུག་པའོ། །
རྒོལ་བ་བདུན་པ་ནི། ཁ་ཅིག་རྒྱས་གདབ་ཀྱི་སྐབས་སུ། སམྦུ་ཊྀ་ལས། རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །བདེ་བ་དམ་པ་རུ་ནི་བརྗོད། །ཅེས་པའི་དོན། འཁོར་ལོ་དྲུག་པ་འདོད་པ་པོ་རྣམས་ཀྱི་ལུགས་ལ་སྤྱི་གཙུག་གི་འཁོར་ལོ་རྡོ་རྗེ་སེམས་དཔའ་བསྒོམ་པ་ལ་འབྲུ་མནན་པས་ཆོག་མོད། མན་ངག་འདི་པའི་ལུགས་ལ་རྒྱས་འདེབས་ཀྱི་ལྷ་བསྟན་པ་ཡིན་ཞིང་། དེ་དང་མཐུན་པར་སློབ་དཔོན་དགྲ་ལས་རྣམ་རྒྱལ་གྱི་ཕྱག་རྒྱ་བཞི་པ་ལས། ཀུན་གྱི་དབང་བསྐུར་གནས་སུ་ནི། ཞེས་བཤད་པས་ལུས་དཀྱིལ་གྱི་ལྷ་ལ་རྡོ་རྗེ་སེམས་དཔས་རྒྱས་འདེབས་པ་རྒྱུད་དང་རྒྱ་གར་བའི་དགོངས་པ་ཡིན་པར་གསལ་ལོ་ཞེས་ཟེར་ཞིང་། ངག་འདོན་གྱི་སྐབས་སུ་ལུས་དཀྱིལ་གྱི་ལྷ་ཐམས་ཅད་ལ་རྡོ་རྗེ་སེམས་དཔས་དབུར་བརྒྱན་ཞེས་ཟེར་རོ། །དེ་ལ་སམྦུ་ཊིའི་ལུང་དེས་རྒྱས་འདེབས་བསྟན་པར་གང་ལས་བཤད། གནད་ཀྱི་གསལ་བྱེད་ལས། གསང་བ་ལ་ནི་ས་ཡི་ཁམས། ཞེས་པ་ནས་བརྩམས་ཏེ། ཆོས་ཀྱི་སྐུར་ནི་རབ་ཏུ་གྲགས། །ཞེས་པའི་བར་གྱི་རང་བྱུང་གི་ཡེ་ཤེས་ཀྱི་མཚན་ཉིད་སྟོན་པ་ལས། རིགས་བདག་གིས་རྒྱས་གདབ་སྟོན་པར་དགོས་པའི་གནས་ཙམ་ཡང་མེད་ལ། རང་བློས་སྦྱར་བའི་རྗེ་བཙུན་གོང་མའི་ལུགས་སུ་འགྱུར་རམ། སློབ་དཔོན་དགྲ་ལས་རྣམ་རྒྱལ་གྱི་གཞུང་ཡང་ཕོ་བྲང་དྲུག་པ་སྟོན་པའི་གཞུང་ཡིན་གྱི། རིགས་བདག་གིས་རྒྱས་གདབ་སྟོན་པའི་གཞུང་མ་ཡིན་ཏེ། གཞུང་གི་སྐབས་ལ་དཔྱད་པས་ཤེས་པ་ཡིན་ནོ། །འོ་ན་རྗེ་བཙུན་གོང་མའི་གཞུང་ལས་ཇི་ལྟར་བཤད་ཅེ་ན། སྲས་དོན་མ་ལས། དབང་སྟེགས་ནི་ལྷ་ཐམས་ཅད་ལ་བླངས་ན། གཙོ་བོ་ལྔ་ལ་སྐུ་རྡོ་རྗེ་རྣམ་སྣང་ལ་སོགས་པ་ལྔ། འཁོར་རྣམས་ལ་རང་རང་གི་གཙོ་བོའམ། ཡང་ན་ཐམས་ཅད་ཀྱི་དབུ་ལ་གནས་ལྔར་རྡོ་རྗེ་རྩེ་ལྔ་པ་རེ་རེ་བསམ་མོ། །ཞེས་དང་། འཕགས་པ་རིན་པོ་ཆེས། གཙོ་བོ་ལྔ་ལ་རྡོ་རྗེ་སེམས་དཔའ་དང་། འཁོར་རྣམས་ལ་རང་