R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༢ན
[A:༡༡༢ན]དག་ལ་ཕྱོགས་ལྷུང་དང་བྲལ་བའི་དད་པ་ཆེན་པོས་ཉེ་བར་ལེན་པའི་རྐྱེན་བྱས་ཏེ་ལེགས་པར་བཤད་པ་རེ་ཞིག་དེ་ཙམ་མོ། །འདིར་སྨྲས་པ། འཛམ་བུའི་གླིང་འདིར་ཐུབ་དབང་ཟས་གཙང་སྲས། །སླར་ཡང་བྱོན་པ་ལྟ་བུའི་འགྲོ་བའི་མགོན། །ས་སྐྱའི་བླ་ཆེན་ཡབ་སྲས་ཁུ་དབོན་བཅས། །བཀའ་དྲིན་དྲན་པས་སླར་ཡང་ལན་བརྒྱར་འདུད། །གང་གི་བསྟན་འཛིན་མཁའ་ལ་ཉི་ཟླ་ལྟར། །འཛིན་མའི་ཁྱོད་འདིར་ངོར་རྫོང་རྣམ་གཉིས་ཞེས། །སྙན་གྲགས་སྐྱེ་བོ་ཀུན་གྱི་ཁར་རྒྱུ་བའི། །འགྲན་བྲལ་སྐྱེས་བུའི་མཆོག་རྣམས་བསྔགས་པར་འོས། །སྙིགས་དུས་དཔལ་ལྡན་ས་སྐྱའི་བསྟན་པ་ལ། །ས་སྐྱའི་བླ་ཆེན་ཀུན་དགའ་སྙིང་པོ་དང་། །བཀའ་དྲིན་མཉམ་པའི་སྔགས་འཆང་ཆོས་ཀྱི་རྗེ། །ཀུན་དགའ་རིན་ཆེན་ཞབས་ཀྱིས་སླར་ཡང་སྐྱོངས། །མགོན་དེའི་རིགས་སྲས་བསོད་ནམས་དབང་པོ་ཞེས། །མཐུ་སྟོབས་རྫུ་འཕྲུལ་བསམ་ཡས་གང་དེ་དང་། །ཡབ་རྗེ་སྦས་པའི་སངས་རྒྱས་བསྟན་པའི་སྲོག །གྲགས་པའི་མཚན་གྱིས་བྱང་ཆུབ་བར་དུ་སྲུངས། །རང་སེམས་གདོད་ནས་སྤྲོས་བྲལ་ནམ་མཁའི་ངང་། །འོན་ཀྱང་འཁོར་འདས་སྣང་བ་འགག་མེད་འཆར། །ཤར་ཡང་ངོ་བོས་སྟོང་པའི་བློ་འདས་ཀྱི། །གདོད་མའི་མགོན་པོ་མུས་པ་ཆེན་པོ་རྒྱལ། །ཨེ་མ་སྔོན་བྱོན་མཁས་པ་རྣམས་ཀྱི་གསུང་། །ཕྱོགས་ལྷུང་འཁྱོག་པོའི་བསམ་སྦྱོར་དང་བྲལ་བར། །ཀུན་ལ་དང་འདོད་དད་པའི་བློ་མཚོ་ལས། །ལེགས་བཤད་ཚིག་གི་མེ་ཏོག་འདི་འཁྲུངས་སོ། །ཚུལ་འདིར་འབད་དང་དུས་གསུམ་དགེ་བའི་མཐུས། །བདག་ཅག་དཔོན་སློབ་འགྲོ་དྲུག་མཁའ་མཉམ་གྱི། །ཤེས་རྒྱུད་སྒྲིབ་གཉིས་