R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༡བ
[A:༡༡༡བ]བྲིས་སོགས་དང་མཐུན་པ་ཞིག་དགོས་རྒྱུ་ཡིན་པ་ལ། དེ་དག་དང་མི་མཐུན་པའི་རིམ་པ་འགའ་རེ་འདུག་པས་ཐེ་ཚོམ་གྱི་གཞི་ཡིན་གསུང་བ་དང་། དེའི་དཔྱད་པ་མཛད་པའི་ཡི་གེ་ཅུང་ཟད་ཅིག་ཀྱང་ཡོད་དེ་དཔེ་མ་རྙེད། གསུང་སྒྲོས་འཛིན་པ་ཕྱི་མ་རྣམས་ཀྱང་དཔྱད་གཞིར་མཛད་པ་དེ་ཁ་ཤས་ཆེ་ཞེས་དང་། འདི་འདྲའི་རིགས་ཅན་ལ་ཡིན་མིན་གྱི་ཤན་འབྱེད་པ་ཤིན་ཏུ་དཀའ་བར་མཆིས་ཞེས་གསུངས་པ་གཉིས་དགོངས་དོན་གཅིག་པར་བྱུང་ཡང་། གློ་བོ་མཁན་ཆེན་རིན་པོ་ཆེ་རང་གི་བཞེད་པ་ལྟར་ན་ཚིག་དོན་མུན་སེལ་དུ་ཁྲིད་ཀྱི་དཀར་ཆག་ས་པཎ་གྱི་གསུང་ཡིན་པ་ལྟ་བུ་ཞིག་བཤད་པ་དེ་འདོད་དགོས་པ་འདྲ་སྟེ། དྲི་ལན་དེ་ཉིད་ལས་དེ་ལ་མུས་སྲད་པ་སོགས་ཀྱི་དཀར་ཆག་བསྒྲུབ་པ་ཟེར་བའི་ཡི་གེ་སོགས་བྱས་ནས་ས་པཎ་གྱིས་མཛད་ངེས་པ་ཡིན་ཟེར་བའི་ཤེས་བྱེད་མང་པོ་བཀོད་པ་ཡོད་ཚོད་འདུག་ཀྱང་ལྟ་རྟོག་བྱས་ནས་ཇི་ལྟར་ཡིན་ངེས་པ་མ་བྱུང་ཞིང་ཞེས་གསུངས་པས་དྲི་ལན་འདི་མཛད་དུས་བསྒྲུབ་པ་བཞི་མ་གཟིགས་ལ། ཕྱིས་འདི་དག་སྤྱན་ལམ་དུ་མངོན་ནས་གཟིགས་རྟོག་དང་དཔྱད་པས་དག་པར་མཛད་ནས་བཀའ་སྒྲུབ་ལེའུའི་ལན་འདེབས་སུ་ཚིག་དོན་མུན་སེལ་བརྩམས་པ་ན་སྔར་མཛད་པའི་དྲི་ལན་དེ་ལས་ཕྱིས་མཛད་པའི་ཚིག་དོན་མུན་སེལ་འདི་འཐད་ལྡན་དུ་གཟུང་བར་བྱ་དགོས་སམ་སྙམ་མོ། །དེ་ལྟར་དེ་དག་གིས་ནི་དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད་ཅེས་བྱ་བ་འདིའང་གངས་ཅན་བསྟན་པའི་བདག་པོའི་བསྟན་འཛིན་མཐའ་