R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༨བ
[A:༢༨བ]བསྐུར་བས་ཤི་འཕོ་དེའི་སྡིག་སྦྱོང་དུ་འགྱུར་བ་སོགས་ཀྱི་དགོས་པ་ཡོད་པ་དང་། རྗེས་བཟུང་མ་བྱས་པ་ཞིག་ལ་དབང་བསྐུར་དུ་རུང་བ་ནི། རྗེས་བཟུང་གི་སློབ་མ་སྟ་གོན་གྱི་ཚེ་མེད་པ་ལ་གཟུགས་བརྙན་ནམ་སྐྱིན་པོ་བཅུག་ནས་དེ་ལ་སྟ་གོན་བྱེད་པར་སྤྱི་རྒྱུད་ལས་བཤད་ཚུལ་གོང་དུ་བཀོད་པ་དེས་འགྲུབ་ཅིང་། དེ་གཉིས་ལ་སྟ་གོན་གྱི་སྔོན་དུ་རྗེས་བཟུང་མ་བྱས་པས་སོ། །གཞན་ཡང་སློབ་མ་རྗེས་བཟུང་མ་བྱས་པར་དབང་བསྐུར་བ་ནི་ལམ་འབྲས་དང་འབྲེལ་བའི་ཚེ་མ་གཏོགས་དེང་སང་ཕལ་ཆེར་གྱི་ཕྱག་ལེན་མཛད་པ་མངོན་སུམ་གྱིས་མཐོང་བཞིན་དུ་རྗེས་སུ་མ་བཟུང་བ་ཞིག་ལ་དབང་བསྐུར་བར་ཐལ་བའི་ཕྱིར་དང་ཞེས་གསུངས་པ་ནི། མཁས་པའི་གསུང་དུ་མི་སྣང་ཞིང་། རྗེས་བཟུང་མ་བྱས་པ་ལ་དབང་བསྐུར་མི་རུང་བར་བཤད་པ་དེ་དང་། ཡང་པཎ་ཆེན་ཉིད་ཀྱིས་སྟ་གོན་གྱི་ཚེ་ནི་ཐམས་ཅད་ཅིག་ཅར་དུ་འཚོགས་དགོས་པ་ཡིན་ཏེ། དེ་ལས་འགའ་ཞིག་མ་ཚང་ན་དེའི་སྐྱིན་པོ་གཞུག་པ་དང་། དེའང་མ་འབྱོར་ན་གང་མ་ཚང་བ་དེའི་གཟུགས་བརྙན་བྱེད་དུ་བཅུག་ནས་སྟ་གོན་གྱི་ཆོས་རྣམས་བྱེད་དགོས་པར་གསུངས་པའི་ཕྱིར་ཞེས་གསུངས་ནས། སྤྱི་རྒྱུད་ཀྱི་ལུང་། སློབ་མ་ཡོངས་སུ་བཟུང་བ་གང་། །ཞེས་སོགས་ཚིགས་བཅད་གཉིས་འདྲེན་པར་མཛད་པ་གཉིས་གོང་འོག་ནང་འགལ་བ་ལྟར་སྣང་བ་དང་། གཞན་ཡང་ཆོས་ཀྱི་རྗེ་ས་སྐྱ་པཎྚི་ཏ་ཆེན་པོས། སྤྱོད་པའི་རྒྱུད་ཀྱི་དབང་བསྐུར་ལ། །སློབ་མ་གྲངས་ངེས་མེད་པར་གསུངས། །ཞེས་སྤྱོད་རྒྱུད་ཀྱི་དབང་ལ་གྲངས་ངེས་མེད་པར་བཤད་པ་དང་། པཎ་ཆེན་གྱིས་སྤྱིར་རྒྱུད་སྡེ་བཞི་ཆར་གྱི་དབང་ལ་གྲངས་ངེས་ཡོད་པར་གསུངས། ཁྱད་པར་སྤྱི་