R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༨ན
[A:༢༨ན]མ་མཁན་ཆེན་ཐམས་ཅད་མཁྱེན་པ་གསུངས་པ་ནི་ཐུགས་མད་དེ། སྤྱི་རྒྱུད་ཀྱིས། སློབ་མ་ཡོངས་སུ་བཟུང་བ་གང་། །སྟ་གོན་གནས་ཚེ་མེད་ན་ནི། །དེ་ཡི་གཟུགས་བརྙན་བྱས་ནས་སུ། །ཇི་སྐད་བཤད་པའི་ལས་རྣམས་བྱ། །ཞེས་པ་འདིས་རྗེས་བཟུང་ལ་ཡོད་པའི་སློབ་མ་ཚེའི་དུས་བྱས་པ་ལྟ་བུ་ལ་གཟུགས་བརྙན་བྱེད་པར་བསྟན་པས་སླེབས་ངེས་པའི་དབང་དུ་མཛད་པ་ག་ལ་ཡིན། རྒྱུད་ཚིག་དེས་སློབ་མ་ཚེ་འཕོས་པ་ལྟ་བུ་མེད་པར་སོང་བ་དེ་བསྟན་ཏེ། དེའི་འཕྲོས་ལས། སློབ་མ་ཡོངས་སུ་བཟུང་བ་གང་། །གལ་ཏེ་རྐྱེན་འགའ་ཞིག་གིས་ནི། །དེར་ནི་འོང་བར་མ་གྱུར་ན། །གཞན་དག་དེ་ཡི་སྐྱིན་པོར་གཞུག །ཅེས་པ་དེས་ཚེ་འཕོས་པ་ལྟ་བུ་མ་ཡིན་པ། རྐྱེན་འགའ་ཞིག་གིས་དེར་མ་སླེབས་ན་སྐྱིན་པོ་གཞུག་པ་ཞིག་བསྟན་པའི་ཕྱིར། ཡང་པཎ་ཆེན་གྱིས་འོ་ན་སྐྱིན་པོ་ལ་སྟ་གོན་བྱས་པའི་དགོས་པ་ཅི་ཞེ་ན། སྟ་གོན་གྱི་ཚེ་སྐྱིན་པོ་བཅུག་ནས། དངོས་གཞིའི་དུས་རང་ཉིད་ཀྱིས་དབང་བླང་ཆོག་པའི་རྒྱུ་མཚན་གྱིས་ཡིན་ཏེ། དེ་ལས་གཞན་དུ་སྐྱིན་པོ་ལ་དབང་བསྐུར་བ་ཡིན་ན་ནི་གཟུགས་བརྙན་དེ་ལའང་དབང་བསྐུར་བར་ཐལ་བའི་ཕྱིར་དང་། རྗེས་སུ་མ་བཟུང་བ་ཞིག་ལ་དབང་བསྐུར་བར་ཐལ་བའི་ཕྱིར་ཞེས་པའང་འཐད་པར་མི་སྣང་ཏེ། གང་ཟག་རྒྱུད་ཐ་དད་པ་ཞིག་གིས་སྟ་གོན་ཞུས་པ་དེས། ཅིག་ཤོས་ཀྱི་སྟ་གོན་མ་ཐོབ་ཀྱང་གོ་ཆོད་པར་བྱས་ནས་དངོས་གཞི་བསྐུར་བ་དེ་འདྲ་རྒྱུད་སྡེའི་དགོངས་པ་མིན་ཞིང་། སྐྱིན་པོ་ལ་སྟ་གོན་བྱས་ནས་སླར་དངོས་གཞི་དེ་ཉིད་ལ་ཀ་བསྐུར་དུ་རུང་བ་དང་། གཟུགས་བརྙན་དེ་ལའང་དགུག་གཞུག་བྱས་ནས་སྟ་གོན་དང་དངོས་གཞི་