[A:༡༦༨]གླང་པོ་ཆེ་ལྟ་བུའི་ངོས་སུ་རི་བོ་བདེ་ཆེན་གྱི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། ཐོན་མི་ས་མྦྷོ་ཊའི་གདུང་ལས་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་བྱམས་པ་གླིང་པ་བསོད་ནམས་རྣམ་པར་རྒྱལ་བ་མི་ཕམ་དགའ་བའི་བཤེས་གཉེན་སྤྱན་དྲངས་ནས་རབ་ཏུ་གནས་པ་མཛད། འཕགས་པའི་ཡུལ་གྱི་མཁས་གྲུབ་རྣམས་ཀྱི་གསུང་གངས་ཅན་གྱི་ལྗོངས་འདིར་འགྱུར་བའི་གླེགས་བམ་རྣམས་ཀྱི་སྟེང་དུ། རྒྱལ་བ་བཙོང་ཁ་པ་ཆེན་པོའི་གསུང་འབུམ་པོ་ཏི་བཅུ་དྲུག་བསྣན་པའི་པུསྟ་ཀ་མཁའ་མདའ་མིག་གི་གྲངས་ལྡན་བཞུགས་ཤིང་། བསྟན་འགྱུར་སྔ་མ་རྣམས་ལ་མེད་པའི་སྐད་གཉིས་སྨྲ་བའི་དབང་པོ་ཞ་ལུ་ལོ་ཆེན་གྱིས་བསྒྱུར་བའི་མངོན་པའི་འགྲེལ་པ་གནམ་ལྕགས་ཐོག་གཟེར་ཡང་ཡོད་དོ། །
མཆེད་རྣམས་ཀྱི་སྲས། ཚེ་དབང་རྣམ་རྒྱལ་དང་རིན་ཅེན་རྒྱལ་མཆོག་གཉིས་ལས་གཅེན་ནི་རིག་པའི་གནས་བཅོ་བརྒྱད་དང་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་མཁས་པར་བྱུང་ཞིང་། ཧོར་རིན་ཅེན་རྒྱལ་མཆོག་ནི་སྲིད་ཞིའི་ཡོན་ཏན་ནོར་བུའི་འཕྲེང་བ་མགྲིན་པའི་དོ་ཤལ་དུ་སྤུད་ཅིང་། དཔའ་མཛངས་རྟུལ་ཕོད་སོགས་ལུགས་གཉིས་ཀྱི་བླ་ན་མཐོ་བའི་གོང་མ་ཆེན་པོས་ཐུགས་ཤིན་ཏུ་འཇོག་པའའི་བློན་པོ་རྣམས་ཀྱི་གཙོ་བོ་ལྟ་བུར་གྱུར། གོང་མའི་བཀའ་ཤོག་ཧུང་རྒྱ་མའི་ནང་དུ། དབུས་གཙང་གི་ཆིངས་ཀྱི་སྐོར་ལ་གནས་ཚུལ་དྲི་བར་བཏང་འདུག་པ། འདི་ཚོར་ཆེ་ཆུང་ཇི་འདྲ་ཞིག་བྱེད་ཀྱང་ཁྱོད་རང་ལ་འདྲི་བ་ལས་འོས་མེད་པས་སྒོ་གང་ཟབ་ཀྱི་ཐག་དེ་ཁ་ནས་ཆོད་གསུང་བ་སོགས་རྒྱལ་པོ་ལས་བློན་པོ་གཙོ་བའི་གཏམ་ཕྱག་ལེན་དུ་མཛད། སྲོང་བཙན་གཞིས་ཀར་ཞྭ་དམར་ཆོས་ཀྱི་གྲགས་པ་སྤྱན་དྲངས། ཡངས་པ་ཅན་གྱི་ཆོས་སྡེར་མཆོད་གཞིས་སོགས་ཀྱི་མཐུན་རྐྱེན་གོང་སར་ཞུ་བ་གནང་། བདེ་སྐྱིད་གླིང་དུ་སྤྱན་སྔ་བཀའ་བརྒྱུད་བྲིས་འབུར་དང་། བཀའ་འབུམ་ཡོངས་རྫོགས་གསེར་གྱིས་འདྲི་བ་གནང་། ཇོ་མོ་ལ་བསམ་ཡས་རྒྱལ་པོའི་གནོད་པ་བྱུང་བར། གསོལ་ཁ་བཤོལ་ནས་ཨར་ལ་གཏད་