R4: གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

  • Pagination (Witness A): ༡༥
[A:༡༥]བླུན་རྨོངས་ཚང་ཚིང་ཁྲོད་ན་མང་མཆིས་ཀྱང་༎ ཕྲ་ལྡེམ་གཉེན་ལྕུག་དྲི་བཟང་ཕོན་པོ་ཅན༎ ཤེས་ལྡན་མ་ལ་ཡ་དབུས་གཡུར་ཟ་ལྡེམ༎ མྱང་ན་མངར་བའི་དཔལ་སྟེར་ཞིམ་པའི་རོ༎ ཡིག་ཚང་སྦྲང་རྩིའི་བཅུད་ཀྱི་ཉིང་ཁུ་ཅན༎ འཆལ་གཏམ་མྱོས་བྱེད་རྫས་ཀྱིས་མ་བསླད་པར༎ རྐང་དྲུག་མཛོད་ཀྱི་གླེགས་བུ་རྨད་དུ་བྱུང་༎ ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ༎ ༎ ༈ དེ་ཡན་ཆད་དུ་དོན་གྱི་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱི་མཐུ་ཕུལ་དུ་བྱུང་བ་ལས་བསྐྲུན་པའི་རྒྱལ་རིགས་ཤ་སྟག་ཀྱང་གནས་སྐབས་སུ་ཆོས་ལྡན་རྒྱལ་པོ་མ་བྱུང་ཞིང་། འདི་ནས་དམ་པ་ཆོས་ཀྱི་དབུ་བརྙེས་པ་ཡིན་པས། ཁྲི་རྗེ་ཐོག་བཙན་དང་། རུ་ཡོང་བཟའ་སྟོང་རྒྱལ་ན་མོ་ཚོའི་སྲས་སུ་དཔལ་དགེ་ལེགས་ཀུན་ཏུ་འབར་བའི་བཟང་པོའི་སྣང་བ་ཅན་ཀྱི་རྣམ་འཕྲུལ། ལྷ་ཐོ་ཐོ་རི་གཉན་བཙན་འཁྲུངས་ཏེ། རྒྱལ་པོ་འདིའི་རིང་ལ་ཕོ་བྲང་ཡུམ་བུ་གླ་སྒང་གི་ཡང་ཐོག་གི་སྟེང་དུ་དཔང་བཀོང་ཕྱག་བརྒྱ་པ། གསེར་གྱི་མཆོད་རྟེན། མདོ་སྡེ་ཟ་མ་ཏོག་གི་སྙིང་པོ་ཡི་གེ་དྲུག་པ། ཙིནྡྷ་མ་ཎིའི་སྐོར་ཕོར་རྣམས་མཁའ་ལས་བབས་ཏེ། གདུང་རབས་ལྔ་ནས་འདིའི་དོན་ཤེས་པ་འབྱུང་བའི་ལུང་བསྟན་གྱི་སྒྲ་ནམ་མཁའ་ལས་བསྒྲགས་པས། ངོ་མི་ཤེས་པ་ལྟར་བཅོས་ཀྱང་། ངོ་མཚར་དུ་བཟུང་ནས། ཕོ་བྲང་གི་དཀོར་ཁང་དུ་མིང་གཉན་པོ་གསང་བར་བཏགས་ནས་མཆོད་པ་དང་བཅས་ཏེ་བཞུགས་སུ་གསོལ་བའི་མཐུས་རྒྱལ་པོ་དགུང་ལོ་བརྒྱད་ཅུ་པ་སླར་ན་ཚོད་དར་ལ་བབས་པའི་ལང་ཚོ་ལྟར་ཡ་མཚན་དུ་གྱུར་ཅིང་།