[A:༡༨༣]བློན་པོ་མགར་གྱི་རིགས་ལས། ཏྲེ་ཧོས་དགའ་བདེ་བཟང་པོ་ཞེས་ཚལ་པ་ཁྲི་དཔོན་གྱི་གོ་སར་ཡོད་པར་དེ་ལ་གཏུགས། དུས་འགྱུར་གྱི་དབང་གིས་སྡེ་སྲིད་ཕག་མོ་གྲུ་པའི་རྫོང་དཔོན་གཞིས་ཀ་སྣེལ་པའི་ཕྱག་གཡོག་མཛད། ཉང་བྲན་དགའ་ལྡན་གྱི་མི་དཔོན་དུ་བསྐོས་པས་དགའ་ལྡན་པའི་མིང་ཐོགས། དེ་ལ་སྲས་བསོད་ནམས་རྒྱལ་པོ། དབང་དར། རྣམ་སྲས་གསུམ་གྱི་ཆེ་བ་སྣེལ་པ་དཔལ་འབྱོར་རྒྱལ་པོའི་ཐུགས་ལ་བཏགས་པས། དབྱི་ནག་བསོད་རྒྱལ་དུ་གྲགས་ཤིང་། བྱང་ཕྱི་ཆོས་ལུང་དང་ཡང་དགོན་ནང་སོར་གཏོགས་པ་ཕུད་རྗེས། ཀླན་ཀ་གཉིས་ཀས་གཙོས། ལོ་སྦྲེལ་སྣ་གདོང་ཕྱིན་གྱི་འཇའ་ས་གནང་། འབྲིང་པོས་སྣམས་བོན་གྲོང་གི་བདག་པོ་མཛད། ཆུང་བ་འབྲོང་རི་སྔོན་རྫོང་དུ་ཡོད་ཐོག་རིན་སྤུངས་པའི་དཔུང་གིས་བསྐོར་བའི་རྒྱོགས་ནད་ལ་བརྟེན་རྫོང་གཏད་ནས་ཚལ་དུ་མཁར་ལས་མཛད་ནས་བཞུགས། དབྱི་ནག་བསོད་རྒྱལ་བ་མཆེད་ཀྱི་སྲས་ནང་སོ་ནམ་མཁའ་རྒྱལ་པོས་བར་སྐབས་ཆུ་ཤོལ་ལྷུན་པོ་རྩེ་བཟུང་། འོན་ཀྱང་སྣེལ་པ་ནང་ཟློས་དུས་རིན་སྤུངས་པའི་དཔུང་སྙེ་ཐང་དུ་འབྱོར་ཐོག་ཆུ་ཤོལ་གཏད།
ནམ་མཁའ་རྒྱལ་པོའི་སྲས་ཚེ་བརྟན་རྒྱལ་པོ་དང་། བསོད་ནམས་གཉིས་ལས། ཆེ་བ་རབ་ཏུ་བྱུང་། ཆུང་བ་ལ་སྣེལ་པ་སྐུ་མཆེད་ཀྱི་དགོངས་པར་མི་བདེ་བ་མང་དུ་བྱུང་བར་བརྟེན། རིན་སྤུངས་དོན་ཡོད་རྡོ་རྗེས་དཔུང་སྐྱིད་ཤོད་དུ་བཅུག་སྐབས། རིན་སྤྲུངས་པར་ངོ་གཏད་པའི་དམག་གི་སྣེ་བསུ་མཛད་པས་སྣེའུ་དང་པོ་ཏ་ལ་སོགས་རིན་སྤུངས་པའི་ཕྱག་ཏུ་འབྱོར་བའི་ལག་རྟགས་སུ་རྙིང་ཁུང་གི་སྟེང་སྙེ་མདའ་ཆུ་སོ་ཁ་ཡན་གྱི་འཇའ་ས་གནང་། དེ་ནས་མི་རིང་བར་སྡེ་སྲིད་གོང་མ་ཆེན་པོའི་དཔུང་གཞུང་པོ་རར་ཕེབས་སྐབས། ཡར་རྒྱབ་རིན་ཅེན་བཀྲ་ཤིས་ཀྱིས་འཚམས་སྦྱར་ནས། དགའ་ཤག་གཉིས་ཀྱིས་གོང་མའི་ཞབས་ཕྱིར་འབྲངས། ཤག་པ་ལ་སྐྱོར་མོ་ཀླུང་དང་སྐྱིད་ཤོད་གཡས་རུའི་རུ་དཔོན།