R4: གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

  • Pagination (Witness A): ༡༩༤
[A:༡༩༤]ཚོགས་བཤམས་པར་མངོན་དུ་ཕྱོགས་པ་ནི། མངའ་རིས་སྐུ་མཆེད་ཀྱི་གཏེར་ལུང་དུ། ཁྱད་པར་གདུག་པ་སྦྲུལ་གྱི་ལོ་ཤར་དུས༔ གནམ་རྟགས་འོད་དཀར་སྐྱ་རེངས་ཡང་ཡང་ཤར༔ གཟའ་སྐར་འཁྲུག་ཅིང་བྱང་དུ་ཧོར་སོག་གཡོ༔ འོལ་ཁའི་ཕྱོགས་སུ་རྐྱེན་བྱས་འཁྲུག༔ དབུས་གཙང་སྡེ་འཁྲུག་འགྲོ་རྣམས་ཉམ་ཐག་འགྱུར༔ ས་གཡོས་ནད་རིམས་ལོ་གསུམ་ལོ་ཉེས་འབྱུང༌༔ ལོ་དགུའི་བར་དུ་དབུས་གཙང་དབུ་རུར་འཚོགས༔ ཁྲག་གི་ཆར་པ་ལོ་བདུན་བར་དུ་འབབ༔ ཅེས་དང་། ཡོལ་མོ་སྤྲུལ་སྐུའི་གཏེར་གསར་དུ། ཡོས་ཀྱི་ལོ་ལ་ངལ་སོ་བྱེད༔ འབྲུག་གི་ལོ་ལ་འབྲུག་ལྟར་ལྡིང༌༔ སྦྲུལ་ལ་སྦྲུལ་ཤུན་བཞིན་དུ་འཐོར༔ དེ་ཕྱིར་ཡོས་བུའི་ལོ་ལ་ལོང༌༔ ཞེས་པའི་དུས་རྟགས་དང་མཚུངས་པར་དཔུང་ཚོགས་བྱེ་བ་ཕྲག་བརྒྱའི་གཡུལ་བཤམས་ཏེ། ལྷོ་ཕྱོགས་གཤིན་རྗེའི་མཐར་ཐུག་པ་ཚུན་དབང་དུ་བསྡུས། ཆུ་རྟ་ཟླ་བ་གཉིས་པའི་ཉེར་ལྔ་ལ། བོད་ཤིང་སྒོ་ཅན་ཡོངས་ཀྱི་རྒྱལ་བློན་རྣམས་ཀྱང་ང་རྒྱལ་གྱི་གདོང་པ་སྨད་དེ་གུས་འདུད་ལྷུར་ལེན་གྱི་སྦྱོར་བ་ལ་ཉེ་བར་ཞུགས། ཆུ་ཤེལ་གྱི་དབང་པོ་ནག་པས་ཉ་བ། དུས་འཁོར་བའི་ལོའི་ཐོག་མའི་དུས་ཚེས་ནས་བོད་ཆོལ་ཀ་གསུམ་གྱི་རྒྱལ་པོར་གྱུར་ཏེ། བཀའ་ཁྲིམས་ཀྱི་གདུགས་དཀར་པོ་སྲིད་རྩེའི་བར་དུ་འཁོར། རིས་བྲལ་གྱི་གྲུབ་པའི་མཐའ་རྣམས་ལ་གུས་འདུད་ལྷུར་ལེན་གྱི་ལྷག་པའི་བསམ་པ་མངའ་ནའང་། ཀར་སྲིད་རྣམས་ཀྱི་བྱེད་སྤྱོད་མ་མཁས་པར་བརྟེན། ཤར་ཕྱོགས་ཀོང་པོའི་ཡུལ་ཚུན་དཔུང་ཤེད་ཀྱི་སྤྱད། གཏེར་སྟོན་འཇའ་ཚོན་པས་རང་གཏེར་དུ་སློབ་དཔོན་ཆེན་པོའི་སྤྲུལ་པར་བསྟན་ཡོད་ཅེས་ངོས་བཟུང་། རྒྱ་གར་གྱི་རྒྱལ་པོ་ཁོ་ཤིང་། བལ་ཡུལ་ཡམ་བུའི་རྒྱལ་པོ། མངའ་རིས་རྒྱལ་པོ་སོགས་མཐའི་རྒྱལ་པོ་མང་པོས་ཀྱང་། ཡུལ་ལུགས་ཀྱི་སྐྱེས་མང་དུ་ཕུལ། དེ་ཡར་རཏྣའི་བསྟན་པ་སྤྱི་ལུང་དུ། འབྲི་ཡི་རྭ་ཅོ་ཕག་གི་མཇུག་མ་ཅན༔ གུང་གི་ཚང་འཆའ་ས་ཡིས་ཟས་ཟ་ཞིང་༔ ཞེས་པའི་འོག་ཏུ། དབུས་གཙང་ཐམས་ཅད་སྐུ་ཡི་མངའ་འོག་