[A:༢༦]མཆོད་གནས་མེད་ཅིང་ཚོགས་གསོག་རྟེན་མ་མཆིས༎
རྒྱལ་བའི་འཁོར་བཞི་གྲོགས་བཟང་དགེ་འདུན་མེད༎
ཆོས་དང་ཆོས་མིན་མི་ཤེས་མུན་པའི་སྨག་རུམ་འདྲ༎
ཞེ་སྡང་གདུག་སེམས་ཆེ་བ་གནོད་བྱེད་སྲིན་པོའི་རིགས༎
འཆར་ལ་སྙོམ་བག་ཆེ་བ་བྱོལ་སོང་སྤྲེའུའི་རིགས༎
དེ་འདྲའི་མཐའ་འཁོབ་གནས་སུ་བདག་མཆིས་ན༎
བདག་གི་བསོད་ནམས་གསོག་པའི་རྟེན་དང་མཆོད་གནས་སུ༎
ཡབ་ཀྱི་མཆོད་གནས་ཤཱཀྱ་མུ་ནི་དང་༎
བྱམས་པ་སྒྲོལ་མ་བདག་ལ་གནང་བར་ཞུ༎
བོད་ཅེས་བྱ་བ་ཡི་དྭགས་གྲོང་ཁྱེར་ཏེ༎
མི་ལྟོགས་རྒྱལ་ཁམས་ཡིན་པར་རྒྱལ་བས་ལུང་བསྟན་པས༎
རིན་ཅེན་བང་མཛོད་མང་པོ་བདག་ལ་ཞུ༎
ཁ་བ་ཅན་གྱི་རྒྱལ་ཁམས་བསིལ་ཞིང་གྲང་༎
ཚེ་གཅིག་དྲོས་པའི་གོས་ཤིག་བདག་ལ་ཞུ༎
དེ་ལྟར་མ་འདྲིས་མི་ཡི་ཁྲོད་ནང་དུ༎
བསམ་རྒྱུད་སྤྱོད་པ་བྱ་བ་ཇི་ལྟར་བགྱི༎
ཡབ་གཅིག་རྒྱལ་པོ་བདག་ལ་བཀའ་སྩོལ་ཅིག།
ཅེས་ཞུས་པས། རྒྱལ་པོས།
ཀྱེ་མ་མིག་འབྲས་འདྲ་བའི་བུ་མོ་ཚུར་གསོན་ཅིག།
བོད་ཅེས་བྱ་བ་ཁྱད་པར་འཕགས་པའི་ཡུལ༎
རི་མཐོ་ས་གཙང་གངས་རི་གཉན་གྱི་མགུལ༎
བསིལ་ལ་དྲོ་བ་ལྷ་གནས་གཞལ་ཡས་ཁང་༎