[A:༢]ཚར་དུ་དངར་བའི་མཁྱེན་པའི་གེ་སར་གཞོན་ནུའི་ལང་ཚོའི་ལྕགས་ཀྱུ་ཡིས༎
ཆོས་ཀུན་རི་དྭགས་མིག་ཅན་མ་ཡི་སྙིང་ལ་བསྣུན་པའི་རང་དབང་དུ༎
འདུ་འབྲལ་ཟློས་གར་རི་མོའི་སྣང་བརྙན་ཆོས་ཉིད་མེ་ལོང་གཙང་མའི་ངོས༎
རྗེན་པར་འཆར་བའི་བྱེད་པོ་ཟུར་ཕུད་ལྔ་པ་མགྲིན་པའི་རྒྱན་དུ་བཞུགས༎
སྣང་མཛོད་འབུམ་གྱི་དྲ་བས་འཁྱུད་པའི་བྱུ་རུའི་རྡུལ་བརྩེགས་ལ༎
བརྟན་གཡོའི་དངོས་ཀུན་དབང་དུ་བྱེད་པའི་ཡོན་ཏན་ཡོངས་རྫོགས་པའི༎
ཟུར་མིག་ཉག་ཕྲན་ཙམ་གྱིས་དགེ་བའི་གཟུགས་ཅན་འདུས་མ་བྱས༎
འདར་མཛད་རིག་བྱེད་ལྷ་མོས་སྲིད་པ་གསུམ་ལ་མངའ་སྒྱུར་ཅིག།
ཡིད་འོང་བཞིན་རས་ཟླ་གཞོན་འཁོར་ལོ་གཉིས་སྐྱེས་ལ༎
འཁྲུལ་བ་སྟེར་ཡང་འཕྱང་མོ་སེལ་བྱེད་མགོ་སྐྱེས་ཀྱི༎
བཻ་ཌཱུར་མཐིང་ཁའི་ལན་བུ་རབ་འཕྱང་དབྱངས་ཅན་མ༎
སྨྲ་བའི་དབང་ཕྱུག་ངག་གི་རྒྱལ་པོ་ཉེར་གྲུབ་མཛོད༎
གངས་ཅན་ལྷ་ལམ་ཡངས་པའི་ཁྱོན་འདིར་རྒྱལ་བའི་བསྟན་པ་བཅུ་གཉིས་བདག་པོའི་གུར་ཁང་མཆོག།
མཁྱེན་བརྩེ་ནུས་པའི་ནམ་མཁའི་གྲུ་ཡིས་ཉེ་བར་འདྲེན་མཛད་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་༎
རྒྱལ་བ་ཀུན་དངོས་མཚོ་སྐྱེས་རྡོ་རྗེ་བསྟན་པའི་རྩ་ལག་ཐམས་ཅད་མཁྱེན་པ་ཞི་བ་འཚོའི༎
བཀའ་དྲིན་གཟུགས་ཅན་དབྱིག་འཛིན་ལྟོ་འདིར་ཤོང་འགྱུར་མིན་ན་ཀུན་མཁྱེན་སྲང་ལས་གང་གིས་གཞལ༎