R4: གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

  • Pagination (Witness A): ༤༠
[A:༤༠]རྟགས་ཐོན་པ་དང། སྲིན་མོའི་ཡན་ལག་དང་སྲིན་ལག་གནོན་པར་བྱེད་པ་ལ། གཡོན་རུ་ཁྲ་འབྲུག་གཡས་རུ་གཙང་འགྲམ། སྦུས་རུ་བཀའ་ཚལ། རུ་ལག་གྲུམ་པ་རྒྱང་གི་ལྷ་ཁང་སྟེ། མཐའ་འདུལ་གྱི་ལྷ་ཁང་བཞི། ཀོང་པོ་བུ་ཆུ། ལྷོ་དྲག་མཁོ་མཐིང་། བྱམས་སྤྲིན་དགེ་རྒྱས། བྱང་པྲ་དུམ་རྩེ་སྟེ། ཡང་འདུལ་གྱི་ལྷ་ཁང་བཞི། ཁམས་གློང་ཐང་སྒྲོལ་མ། སྤ་གྲོ་སྐྱེ་ཆུ། ཚལ་རིགས་ཤེས་རབ་སྒྲོལ་མ། ཚངས་པ་རླུང་གནོན་ཏེ། རུ་གནོན་གྱི་གཙུག་ལག་ཁང་རྣམས་བརྩིགས། སྔར་བཤད་པའི་ཉེ་སྐོར་གྱི་སའི་དགྲ་ངན་པ་རྣམས་ལ་མཆོད་རྟེན། རྡོའི་སེང་གེ། དབང་ཕྱུག་གི་རྟེན། བྱ་ཁྱུང་། དུང་དཀར་སོགས་ཀྱིས་བཅོས། དེ་རྗེས་མཚོ་བསུབས་པའི་སྟེང་དུ་གཙུག་ལག་ཁང་བརྩིགས་ཏེ་རྒྱ་བལ་གྱི་ལྷ་རྣམས་བཞུགས་ན་སངས་རྒྱས་ཀྱི་བསྟན་པ་དར་ཞིང་། ཕྱིས་དབོན་སྲས་རྣམས་ཀྱི་རིང་ལའང་དགེ་འདུན་གྱི་སྡེ་དང་མདོ་རྒྱུད་ཀྱི་བཤད་སྒྲུབ་འཕེལ་རྒྱས་སུ་འབྱུང་བར་འདུགས་གསུང་། གཡོག་མོས་འཕྲིན་སྔ་ཕྱི་རྣམས་ནོར་ཞིང་འགའ་ཞིག་འཚིབ་པས། ཁྲི་བཙུན་གྱིས་ར་ལ་ས་བཀལ་ནས་མཚོར་བླུགས་པས་རྙོག་མ་ལོང་དུ་སོང་ནས་ཟུབས་སུ་མ་འདོད་པས། རྒྱ་བཟས་ངན་བསླབས་པར་གོ་ནས། རྒྱལ་པོ་ལ་ཞུས་པས། དེ་མ་ཐག་ཙན་དན་གྱི་སྐུ་ལ་གསོལ་བ་བཏབ་པ་དང་། སྤྱན་གཡས་ལས་འོད་ཟེར་བྱུང་ནས་མཚོ་ཐམས་ཅད་ཁེངས་པ་གཟིགས་པས། རྒྱལ་པོས་ཁྲི་བཙུན་དང་ལྷན་ཅིག་ཏུ་མཚོ་འགྲམ་དུ་བྱོན་ནས་གསེར་གྱི་སོར་གདུབ་མཁའ་ལ་འཕངས་པ་གང་བབས་སུ་ལྷ་ཁང་གི་རྨང་འདིང་བར་དམོད་བོར་ཏེ་བསྐྱུར་བས། མཚོ་ནང་དུ་བབས་ཏེ་འོད་ཀྱི་དྲ་བས་གང་བར། རྒྱལ་པོའི་ཞལ་ནས་ལྷ་གཅིག་ཁྲི་བཙུན། བལ་པོའི་རྡོ་བཟོ་བས་འོད་ཀྱི་དྲ་བའི་རྗེས་སུ་རྡོ་རྒྱོབ་ཅིག་གསུངས་པ་ལྟར་བྱས་པས། རྡོའི་སྤེའུ་མཆོད་རྟེན་ལྟ་བུ་ཞིག་བྱུང་བར། མེ་ཆུའི་གནོད་པ་མི་འབྱུང་བའི་ཆེད་དུ་རྡོ་རྗེའི་མཇིམ་པ་བྱུགས་པའི་ཤིང་རྣམས་ཀྱི་རྩེ་གཏད་པའི་ཁར་ཁྲོ་ཆུའི་ཕ་གུ་བཀྲམ། སྲུབས་རྣམས་མཁར་བའི་