[A:༤༡]ཆུས་བསྡམས་དེའི་སྟེང་དུ་སོ་ཕག་དང་ས་བཟང་བ་རིམ་པས་བཏབ་ནས་མཚོ་བསུབས་ཏེ། ཆོས་རྒྱལ་དགུང་ལོ་ཉེར་ལྔ་པ་ཆུ་མོ་གླང་གི་ལོ་ལ་འཕྲུལ་སྣང་གཙུག་ལག་ཁང་གི་རྨང་བཏིངས་ནས་བརྩིགས་ཀྱང་། སྔར་ཀོང་ཇོས་བརྩིས་པའི་བཅོས་ཐབས་རྣམས་མ་བྱུང་བར་བརྟེན། ལྷ་འདྲེས་བཤིག་པས་སླར་ཀོང་ཇོའི་རྩིས་རྣམས་ཞིབ་པར་རྒྱལ་པོའི་སྙན་དུ་གསན་ཤིན་ཏུ་དགྱེས་ཏེ་སྐྱིད་ཤོད་ཉང་བྲན་ཕ་བོང་ཁའི་བྲག་སྟེང་དུ་ས་ཕག་ཁྲོ་ཆུ་ལ་སྦྱར་ནས་མཁར་དགུ་ཐོག་ཡོད་པ་བརྩིགས་ནས་ཕྱོགས་བཞིར་ལྕགས་ཐག་བཏགས། བརྟན་པར་བྱས་ཏེ་སྒྲུབ་པ་མཛད་པས་ཞག་བདུན་ན་རིགས་གསུམ་མགོན་པོ་མཁའ་ལ་བྱོན་ནས། ཁྱོད་ཀྱིས་སྨོན་ལམ་རྒྱ་ཆེན་པོ་ཐོབ་ཅིག་ངེད་ཀྱིས་སྨོན་ལམ་མཐའ་དག་འབད་མེད་དུ་འགྲུབ་པའི་དཔང་པོ་བྱེད་པ་ཡིན་གསུངས་ནས་རྡོ་ལ་ཐིམ་པའི་རང་བྱོན་བལ་པོའི་ལྷ་བཟོ་བས་ཇི་བཞིན་བརྐོས་པ་དེང་སང་ཡང་ལུས་ཅན་ཀུན་གྱི་འདྲེན་བྱེད་ཀྱི་དགའ་སྟོན་དུ་གསལ་བར་ཡོད་ཅིང་། དེ་ནས་བཙན་པོས་སྤྲུལ་པ་བཀྱེ་སྟེ། མི་འགྱུར་བའི་གཟེར་གྱི་གཙུག་ལག་ཁང་བཅུ་གཉིས་བརྩིགས། ལྷ་མ་སྲིན་གདུག་པ་ཅན་རྣམས་ཀྱི་དཔུང་རྣམས་བཟློག་པའི་ཕྱིར་དུ་རྒྱལ་པོ་རང་གི་སྐུ་ཚད་དང་མཉམ་པའི་ཐུགས་རྗེ་ཆེན་པོའི་སྐུ་ཞིག་བཞེང་བར་དགོངས་ཏེ། ཙན་དན་སྦྲུལ་གྱི་སྙིང་པོ་བདར་བའི་ཕྱེ་མ་དང་། གནས་ཆེན་བརྒྱད་ཀྱི་ས། ཆུ་བོ་ནཻ་རཉྫ་ནའི་བྱེ་མ་རྣམས་བ་དམར་མོའི་འོ་མས་སྦྲུས་པའི་འཇིམ་པ་རྣམས་སྟ་གོན་བྱས་ཏེ། བལ་པོའི་ལྷ་བཟོ་ཁྲེ་བ་ཞེས་བྱ་བར་བཞེང་བའི་བཀའ་གནང་བར་ནང་པར་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྐུར་གྲུབ་ནས་གདའ་བས། རྒྱལ་པོས་ལྷ་བཟོ་བ་ལ་སྐུ་འདི་ཤིན་ཏུ་ལེགས་ཏེ་ཙན་དན་གྱི་སྐུ་དང་མཆོད་སྡོང་ཐུགས་ཀར་བཞུགས་རྒྱུ་ཡིན་པ་ལ་གསུངས་པས། དེ་མ་ཐག་ཞབས་གཡོན་པའི་ཤམ་ཐབས་པུས་མོའི་གོང་དུ་བརྫེས་ཏེ་ཞབས་མཐིལ་ལས་བྱུང་བའི་འོད་ཟེར་གྱིས་དེ་རྣམས་དྲངས་ཏེ་ཐུགས་ཀར་ཐིམ་མོ༎