[A:99]ཡར་ཞལ་བདག་མཛད་པའི་སྟེང་ནས་ར་མོ་ཆེར་སྨོན་ལམ་ཞག་བདུན་ནམ་ཡང་མི་ཆད་པའི་རྒྱུན་ཆགས་འཛུགས་པ་དང་། གྲྭ་ཚང་ཁ་ཡར་ལ་ཆོས་གཞི་ལོ་ལོ་བཞིན་འགྱོགས་པ་མཛད། སྲས་མོ་གཞོན་པ་སྣ་དཀར་རྩེར་བྱོན། སྲས་མོ་འབྲིང་པོ་སངས་རྒྱས་དཔལ་འཛོམས་མས་སྣེའུ་བཟུང་བའི་སྟེང་ནས། དཔོན་ས་སྡེ་སྲིད་ཀྱི་བདག་མོ་མཛད་དེ། རིན་པོ་ཆེ་ལས་གྲུབ་པའི་བཀའ་འགྱུར་སོགས་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་དགེ་འདུན་གྱི་ཞབས་[B:102a]ཏོག་བཟང་པོ་གྲུབ། ཇི་སྐད་དུ། དགེ་ལས་མཛད་པ་རྣམས་ལས་སྐྱིད་ཤོད་དུ་ནང་སོ་གོང་མ་རྣམ་པའི་ཤུལ་ཆེར་མ་བྱུང་ཟེར་རོ།། སྨྲས་པ།
རྒྱ་གར་རྒྱ་ནག་བྱང་ཕྱོགས་ཤམ་བྷ་ལ། །
ཧོར་བོད་རྒྱལ་པོའི་རབས་དང་བོད་ཡུལ་དུ། །
རྒྱ་ཧོར་བསྟན་པ་བྱུང་ཚུལ་གསུང་ས་པ་ལ། །
འཕྲོས་པའི་དབུས་གཙང་ཁྲི་སྐོར་བཅུ་གསུམ་དང་། །
ཁྱད་པར་ཕག་མོ་གྲུ་པའི་སྡེ་སྲིད་ཀྱི། །
ཆགས་རབས་ཤིན་ཏུ་རྒྱས་པའི་དེབ་ཐེར་ཞིག །
ཅིས་ཀྱང་དགོས་ཞེས་ཐག་རིང་ཡུལ་ལྗོངས་ནས། །
བློ་གྲོས་ལྡན་པ་ཟུང་གིས་བསྐུལ་བ་ལས། །
མང་དུ་ཐོས་ཀྱང་སྒྲུབ་ལ་གཡེལ་བ་ཡི། །
ཤཱ་ཀྱའི་དགེ་སློང་སྨྲ་མཁས་ཤིག་གིས་སྦྱར། །
ཚེ་འདིའི་བསྙེན་བཀུར་རྣམ་གཡེང་རྒྱང་སྲིང་སྟེ། །