R66: རྗེ་བཙུན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ།

  • Pagination (Witness A): 321
[A:321]སུམ་གྱིས་གྲུབ་ཅིང། དེ་ཡང་ཐུགས་རྒྱུད་བྱང་ཆུབ་ཀྱི་སེམས་གཉིས་ཀྱིས་ལྷག་པར་ཕྱུག་པའི་རྒྱུ་མཚན་གྱིས་ཡིན་པར་ངེས་སོ༎ མདོར་ན་གངས་ཅན་གྱི་མཁས་པ་རྣམས་ཀྱི་ནང་ནས། གསུང་དངོས་སུ་ཐོས་པའི་སློབ་མ་གཞུང་ལུགས་ཤེས་པའི་གྲངས་ནི་བདག་ཉིད་ཆེན་པོ་འདི་ལས་མང་བ་མེད་དོ༎ དེ་དག་ལ་འདི་སྐད་ཅེས། མཁའ་ལྡིང་གིས་ནི་ཆུ་གཏེར་གྱི༎ བདུད་རྩི་སྙིང་པ་རབ་ཕྱུང་ནས༎ སུམ་རྩེན་དཔག་བསམ་རྩེར་འཁོད་དེ༎ ལྷ་རྣམས་ཀུན་དགར་བྱས་ཞེས་ཐོས༎ རྣམ་དཔོཡད་བཤོག་རླབས་ཅན་ཞལ་གྱིས༎ གསུང་རབ་རྒྱ་མཚོའི་བཅུད་ཕྱུང་ནས༎ མཁས་པས་བཏེག་པའི་ཁྲིར་འདུག་སྟེ༎ ས་སྟེངས་བློ་གསལ་ཀུན་དགའི་དཔལ༎ གཞན་དག་གཞུང་ལུགས་གང་འཆད་ཀྱང༎ ཚིག་གི་ཕྲེང་བ་སྟར་ལ་བརྒྱུད༎ ཁྱོད་ཀྱིས་དོན་གྱི་མདོ་བཟུང་བས༎ བསྟན་བཅོས་ཚིག་རྣམས་ངང་གིས་འཆར༎
1.2.5.1.2.1.2
གནས་གང་དུ་ཡོན་གྱི་བདག་པོ་སུས་མཛད་པ། གཉིས་པ་ནི། དགེ་ལེགས་ཚོགས་ཀྱིས་རབ་གང་བའི༎ ནོར་འཛིན་ཁོར་ཡུག་དང་བཅས་པ༎ ཆུ་གཏེར་དབུས་སུ་བྱིང་བ་ན༎ ཁྱབ་འཇུག་གིས་ནི་བཏེག་ཅེས་གྲགས༎ བསྟན་པ་འདེགས་པའི་ཀ་ཆེན་ཡང༎ གཏོང་ཕོད་ལུགས་བརྒྱ་ལྡན་པ་ཡི༎ ས་སྐྱོང་འབྱོར་པའི་སྟེགས་ཀྱིས་ནི༎ གུས་པས་བཏེག་པ་དེར་ཕྱག་བྱ༎ དེ་ཡང་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འདི། གཡོན་རུ་ཁྲ་འབྲུག་གི་གཙུག་ལག་ཁང་དང། ཐང་པོ་ཆེ་དང། དཔལ་རྩེ་ཐང་དང། ཕག་མོ་གྲུའི་གདན་ས་ཆེན་པོ་རྣམས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་བདག་པོའི་རྐྱེན་ནི། དབང་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་གནང་བ་དང། ཆེ་ས་དགོན་བསར་བ་དང། རྒྱལ་བཟང་རིན་རྒྱལ་ལ་སོགས་པ་རྣམས་ཀྱིས་ཕུལ་ལོ༎ བསམ་ཡས་ཀྱི་གཙུག་ལག་ཁང་དུ། ཆོས་ཀྱི་འཁོར་ལོ་སྐོར་བའི་བདག་རྐྱེན་ནི། གཙོ་བོར་ལྷ་དབུ་ཚལ་བ་དང། གསེར་ཁང་དཔོན་འཛོམ་ལ་སོགས་པས་མཛད་དོ༎