R72: ཆོས་ཀྱི་འཁོར་ལོ་བསྐོར་བའི་རྣམ་གཞག་ཇི་ལྟར་གྲུབ་པའི་ཡི་གེ་གཟུ་བོར་གནས་པའི་མཛངས་པ་དགའ་བྱེད།

  • Pagination (Witness A): 466
[A:466]གནས་ལྔ་ཤེས་པ་གཞན་མེད་པས། ཁོང་ལ་པཎྜི་ཏའི་མཚན་ཀུན་གྱིས་འཐུན་པར་བཏེགས། སྤྱིར་ཆོས་མང་རབ་ཀྱི་གསར་འགྱུར་དང་འགྱུར་བཅོས་མཛད། ཁྱད་པར་སྒྲ་དང་སྙན་ངགས་དང་སྡེབ་སྦྱོར་དང། མིང་གི་མངོན་བརྗོད་དང། ཟློས་གར་དང། གསོ་བ་དང་བཟོ་དང། སྐུ་གཟུགས་ཀྱི་ཕྱག་ཚད་ལ་སོགས་པའི་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པ་མ་འགྱུར་ཡང། རྒྱ་དཔེའི་སྟེངས་སུ་བསླབ་སྦྱངས་མཐར་ཕྱིན་པར་མཛད་ནས། གལ་ཆེ་བའི་ཐད་ཀ་རྣམས་ལ་འགྱུར་དང། དེ་གསལ་བར་སྟོན་པའི་བསྟན་བཅོས་དུ་མ་མཛད། སྐབས་དེར་ཀུན་གྱིས་ལོ་ཙཱ་བའི་མཚན་གསོལ། དེ་དག་གི་སྐབས་ཤིག་ཏུ་ཚངས་པ་དང་ཁྱབ་འཇུག་གི་རྗེས་སུ་འཇུག་པའི་མུ་སྟེགས་ཀྱི་སྟོན་པ་དག་གིས། ཁ་བ་ཅན་གྱི་ས་སྐྱ་པའི་ཆོས་སྨྲ་བ་དག་དང་རྩོད་པའི་དུས་བཏབ། ལུང་རིགས་སྨྲ་བ་ཁ་ཅིག་གི་གྲོགས་དང་བཅས། མང་ཡུལ་སྐྱིད་པའི་གྲོང་ཁྱེར་དུ་ཆས་ཏེ་བྱོན། བསྟན་པ་དཔང་དུ་བཙུགས་ཏེ་སམསྐྼ་ཏའི་སྐད་ཀྱིས་དེ་དང་བརྩད་པ་ན། དུས་དེར་རྒྱ་གར་ན་རྩོད་པའི་ཁྱུ་མཆོག་གཞན་ལས་ཁྱད་པར་དུ་འཕགས་པར་གྲགས་པ་འཕྲོག་བྱེད་དགའ་བོ་སློབ་མའི་ཚོགས་དང་བཅས་པ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་ནས་འཁོར་དུ་ཁྲིད་ནས་ཕེབས་སོ༎ དེ་ནས་བོད་ཀྱི་བཤད་སྲོལ་གཞན་ལ་རག་མ་ལས་པའི་སོ་སོར་ཐར་པ་དང། རྟོག་གེ་དང། མངོན་པ་དང་མདོ་སྡེ་དང་རིག་པའི་གནས་ལྔ་ལ་སོགས་པ་བཤད་པའི་གྲྭ་ཆེན་པོ་འཛུགས་པར་བཞེད་ནས། བོད་ལ་གྲགས་པའི་རྟོག་གེ་སུན་འབྱིན་པ་ཚད་མ་རིགས་པའི་གཏེར་དང། གསང་སྔགས་རྙིང་མ་དང། བཀའ་གདམས་པ་དང། ཕྱག་རྒྱ་བ་སྤྱི་དང་ཁྱད་པར་བ་བདག?དག་དང། རྒྱ་གར་ནས་གསར་དུ་འགྱུར་པའི་ཆོས་ལུགས་འགའ་ཞིག་སྟེ། དེ་དག་རྣམས་ལ་རིལ་པོ་འགོག་པར་མི་མཛད་ཀྱང། ནོར་པའི་འཕྲང་