[A:༨༤ན]ས་སྐྱ་པཎ་ཆེན་གྱི། །རྣམ་ཐར་ཆ་ཤས་མཐོང་བས་ཁོ་བོ་ཅག །གཞོན་ནུའི་ཚེ་ནའང་མི་ཕྱེད་དད་པ་ཐོབ། །གྲངས་མེད་སྐྱེ་བར་སྦྱངས་པའི་པཎྜི་ཏ། །ཤེས་བྱ་མ་ལུས་གཟིགས་པའི་ཐམས་ཅད་མཁྱེན། །ད་ལྟ་དྲི་མེད་དཔལ་དུ་སངས་རྒྱས་པའི། །དོན་གཉིས་མཐར་ཕྱིན་དེ་ལ་སྐྱབས་སུ་མཆི། །ཁྱེད་ཀྱི་མཁྱེན་པས་འཇམ་དབྱངས་ཟིལ་གནོན་ཞིང་། །བརྩེ་བས་རྒྱལ་སྲས་ཁྱོད་ཀྱི་དགུང་གི་ལོ། །མཐའ་རུ་སོན་ཀྱང་བོད་ཁམས་བདེ་བའི་ཐབས། །གཅིག་ཏུ་དགོངས་ནས་ཧོར་གྱི་རྒྱལ་ཁམས་བྱོན། །གང་གི་ནུས་པས་རྗེ་བཙུན་ས་སྐྱ་པའི། །བསྟན་པས་འཛམ་གླིང་ཁྱབ་འདི་མ་ལེགས་སམ། །དེ་འདྲའི་བཀའ་དྲིན་གཞལ་དུ་མེད་པའི་ཚུལ། །སྔོན་བྱོན་སྐྱེས་བུ་ཀུན་གྱི་ཐུགས་ལ་གསལ། །ཀྱེ་མ་དེང་སང་དུས་ངན་སྐབས་འདི་ན། །དེ་འདྲའི་ཚུལ་ལུགས་ཇི་བཞིན་མ་རིག་པས། །གང་གི་གྲུབ་མཐའ་རྩོད་བྲལ་ཁུངས་ཐུབ་ལས། །གསར་བྱུང་འགའ་ཞིག་མཆོག་ཏུ་འཛིན་འདི་མཚར། །ཀྱི་ཧུད་ཆོས་ཉམས་མེད་པའི་བླུན་པོ་རྣམས། །དྲེགས་པའི་རྗེས་སུ་འབྲངས་པ་དངོས་པོའི་གཤིས། །དེ་ཕྱིར་བདག་གི་བསྟན་པ་སྤེལ་བའི་གྲོགས། །ཆོས་རྗེ་ཆོས་ཀྱི་རྒྱལ་པོས་དབྱིངས་ནས་མཛོད། །ཅེས་པ་འདི་ཡང་རང་བབས་སུ་བྱུང་བའི་གསོལ་འདེབས་ལགས་སོ། །དེ་ལྟ་བུའི་བླ་མ་དེའི་གཅུང་བསོད་ནམས་རྒྱལ་མཚན་ནི། ཡབ་དགུང་ལོ་སོ་ལྔ་པ། ཡུམ་ཉེར་གསུམ་མ་ཤིང་ཕོ་འབྲུག་གི་ལོ་ལ་སྐྱའོ་ཁ་གདངས་སུ་འཁྲུངས། ཡབ་མེས་ཀྱི་ཆོས་མཐའ་དག་ལ་སྦྱངས། ཀྱེ་རྡོ་རྗེ་དང་ཕུར་པ་གཉིས་ལ་ཐུགས་དམ་གྱི་མཐིལ་མཛད། ཆོས་སྐྱོང་ལྕམ་དྲལ་འཁོར་བཅས་བྲན་དུ་འཁོལ་