[A:༨༦བ]པར་གྱིས་ཤིག་པའི་བཀའ་བསྒོས་ནས་བསྟན་པ་གཏད་དོ། །དེ་ནས་གླང་ལོ་ལ་སེ་ཆེན་གན་གྱིས་གདན་དྲངས་པ་ནས་ཕོ་བྲང་དུ་བྱོན་ཏེ། རྒྱལ་པོས་གཞན་གྱིས་དྲིས་པའི་ལན་མ་ཐེབས་པའི་ཐེ་ཚོམ་མང་པོ་དྲིས་པའི་ལན་རྒྱུ་མཚན་དང་བཅས་པ་གསུངས་པས་མཉེས་པ་ཡིན་ཏེ། དེ་ཡང་རྒྱལ་པོས་ཁྱེད་བོད་ཀྱི་ཡུལ་ན་མི་ཆེ་བ་སུ་འདྲ་བྱུང་གསུངས་པ་ལ། འཕགས་པ་རིན་པོ་ཆེའི་ཞལ་ནས། ངེད་བོད་ཀྱི་ཡུལ་དུ་མི་ཆེ་བ་ཆོས་རྒྱལ་མེས་དབོན་རྣམ་གསུམ་བྱོན་པ་ལགས་གསུངས་པས། དེ་གསུམ་མི་ཆེ་བའི་རྒྱུ་མཚན་ཅི་ཡིན་གསུངས་པ་ལ། སྲོང་བཙན་སྒམ་པོ་ཐུགས་རྗེ་ཆེན་པོའི་སྤྲུལ་པ། ཁྲི་སྲོང་ལྡེའུ་བཙན་འཇམ་དབྱངས་ཀྱི་སྤྲུལ་པ། ཁྲི་རལ་པ་ཅན་ཕྱག་ན་རྡོ་རྗེའི་སྤྲུལ་པ་ལགས་པས་མི་ཆེ་བ་ལགས་ཞུས་པས། ཁྱེད་བོད་ཡུལ་དུ་ཕོ་རྒོད་པ་སུ་བྱུང་གསུངས་པ་ལ། ཕོ་རྒོད་པོ་མི་ལ་རས་པ་ཞེས་བྱ་བ་བྱུང་གསུངས་པས་དེ་ཅི་ཡིན་གསུངས། ཚེ་སྟོད་ལ་དགྲ་བརྟུལ། ཚེ་གཞུག་ལ་ཆོས་བྱས་གྲུབ་པ་ཐོབ་པ་ལགས་ཞུས་པས། ཁྱོད་ཀྱི་ཡུལ་དུ་མི་ཡོན་ཏན་ཆེ་བ་སུ་བྱུང་གསུངས་པ་ལ། ཡོན་ཏན་ཆེ་བ་བདག་གི་བླ་མ་རྗེ་ས་སྐྱ་པ་ལྟ་བུ་བྱུང་ཞུས་པས། བླ་མ་ཆོས་རྗེ་པའི་མཁྱེན་པ་དེ་ཅི་ཙམ་ཡིན། དེ་ལ་ཁྱེད་རང་གིས་ཅི་ཙམ་བསླབ་གསུངས་པས། བླ་མ་ཆོས་རྗེ་པའི་མཁྱེན་པ་དེ་རྒྱ་མཚོ་དང་འདྲ། དེ་ནས་བདག་གིས་ཆུ་ཕུལ་གང་བླངས་པ་ཙམ་བསླབ་ཞུས་སོ། །དེ་ནས་རྒྱལ་པོའི་ཞལ་ནས་བོད་ལ་དམག་ཁྲལ་འགེལ་བ་དང་། ནོར་སྡུད་ལ་གཏོང་གསུངས་པ་ལ། རྒྱལ་པོ་ལ་འཕགས་པ་རིན་པོ་ཆེས་ཞུ་བ་ཚན་ཆེར་ཞུ་བར་མཛད་དེ། བོད་མཐའ་ཁོབ་ཡུལ་ཆུང་། ས་རྒྱ་དང་འབྱོར་པ་མེད་པས་དམག་མི་