[A:༨༨ན]ཁྱད་པར་འཕགས་པ་ཅིག་འདུག་པས་གསན་པ་དྲག་ཞུས་པས། རྒྱལ་པོས་དེ་བཞིན་བྱེད་གསུངས་ནས་བླ་མ་ལ་ཞུས་པས། །སྤྱིར་ཡང་ཁྱེད་ཀྱིས་ཆོས་ཞུ་བའི་དམ་ཚིག་མི་ཐུབ་ཅིང་། ད་རེས་ལོ་ཙཱ་བ་མཁས་པའང་མེད་པས་ཕྱིས་བྱེད་པར་ཞུ་གསུངས་པས། རྒྱལ་པོ་ན་རེ། དམ་ཚིག་ཅི་བསྲུང་དགོས་གསུངས་པས། དབང་བསྐུར་ཞུས་ནས་བླ་མ་གྲལ་མགོར་བཞུགས། ལུས་ཀྱིས་ཕྱག་འཚལ། ངག་གིས་ཅི་གསུངས་ཉན། ཡིད་ཀྱིས་ཐུགས་དང་མ་འགལ་བ་བྱ་དགོས་པ་ཡིན། དེ་མི་ཡོང་གསུངས་པས། དཔོན་མོས་འཆམས་པ་ཞུས་པ་ལ་ཆོས་ཞུ་བ་དང་། མི་ཉུང་དུས་བླ་མ་གུང་ལ་བཞུགས། རྒྱལ་བརྒྱུད། མག་པ། མི་དཔོན། མི་དམངས་ཚོགས་དུས་མི་གནོན་དགོས་པས་རྒྱལ་པོ་གུང་ལ་བཞུགས། བོད་ཕྱོགས་ཀྱི་བྱ་བ་ལ་བླ་མ་ཅི་གསུང་དང་དུ་ལོང་། བླ་མ་ལ་མ་ཞུས་པར་རྒྱལ་པོས་ལུང་མི་གནང་། བྱ་བ་ཆེ་ཆུང་གཞན་ལ་བླ་མ་སྙིང་རྗེ་ཆེ་བས་ཞུ་ངོ་འཆོལ་དུ་འོང་ན་རྒྱལ་ཁམས་མི་ནོན་པས། བླ་མའི་གསུང་དང་ཞལ་འཇུག་མ་མཛད་ཅེས་ཞུས་པས། བླ་མའི་གསུང་གིས། དེ་ལྟར་གྱི་ཚེ་ན་ཁྱེད་ཧོར་ལ་གཤེད་མོང་ཡུན་དུ་མ་འཐབ་པའི་གོག་ས་ཆེན་པོ་ལ་མི་འཇུག་པ་བཞིན། ངེད་ཀྱང་བསྙེན་སྒྲུབ་མ་བྱས་པར་དབང་བསྐུར་ན་མི་ཡོང་བས། བསྙེན་སྒྲུབ་ཀྱི་གྲབས་ཀྱིས་གསུངས་ནས། བསྙེན་སྒྲུབ་ཀྱི་བར་ལ་ལོ་ཙཱ་བ་གསེར་ཡིག་པས་མགྱོགས་པར་བོས་ནས། རྒྱལ་པོས་དབུ་མཛད་པའི་དབང་པ་ཉི་ཤུ་རྩ་ལྔ་ལ་ལན་གསུམ་གྱི་བར་དུ་ས་སྐྱ་པའི་ཁྱད་ཆོས་དཔལ་ཀྱེ་རྡོ་རྗེའི་དབང་ཡོངས་སུ་རྫོགས་པར་བསྐུར་བ་ལས། ཧོར་གྱི་རྒྱལ་ཁམས་སུ་རྡོ་རྗེ་