[A:༨༩ན]འཕགས་པས་བསྔོ་བ་འདི་ལྟར་མཛད་དེ། ནམ་མཁའི་ཁམས་ནི་ཁྲག་གི་མདོག་ལྟར་དམར། །རྐང་ལེབ་རོ་ཡིས་ཕྱི་ཡི་རྒྱ་མཚོ་ཁེངས། །འདི་འདྲ་བཅད་པའི་དགེ་བ་གང་དེ་ཡིས། །མཁྱེན་རབ་དབང་ཕྱུག་ཐུགས་དགོངས་རྫོགས་པའི་ཕྱིར། །ཕན་བདེའི་བསྟན་པ་རབ་ཏུ་རྒྱས་པ་དང་། །མི་དབང་སྐུ་ཚེ་ཡུན་དུ་བརྟན་ཕྱིར་བསྔོ། །ཞེས་གསུངས་པ་ཡིན་ཞིང་། དེར་སྐབས་དབང་ཡོན་བར་མའི་སྐབས་སུ་ཕུལ་བའི་ཆོས་དུང་དཀར་པོ་རྒྱང་གྲགས་ཀྱི་ལོ་རྒྱུས་ནི། དཔལ་ལྡན་ས་སྐྱ་ལ་བསྔགས་པ་སྙན་ངག་དབང་པོའི་ཉེར་མཚོ་ལས། ཀླུ་དབང་དབང་པོའི་དཔལ་ཡོན་ལས་འོངས་པའི། །དུང་དཀར་དཀར་པོ་རྒྱང་གྲགས་ཚངས་དབྱངས་ཅན། །ཐུབ་དབང་དབང་པོས་ཆོས་འཁོར་བསྐོར་བའི་ཚེ། །ལྷ་དབང་དབང་པོས་ཕུལ་ཏེ་འདི་ལེགས་དྲངས། །ཞེས་གསུངས་པ་ལྟར་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་བའི་དུས་ཀྱི་ཆོས་དུང་འཁྲུལ་མེད་བྱིན་རླབས་ཀྱི་གཟི་འོད་འབར་བ་འདི་ཉིད་ནི། ས་སྐྱ་པའི་ཕྱག་ཏུ་རྒྱ་ནག་ནས་འབྱུང་བའི་གོང་རོལ་དུ་རྒྱ་ནག་ཏུ་བྱུང་ཚུལ་ཇི་ལྟར་ཡིན་ཞེ་ན། རྒྱ་གར་རྒྱལ་པོ་དྷརྨཱ་ཕ་ལ་དང་། རྒྱ་ནག་རྒྱལ་པོ་དེ་ཝ་རཱ་ཛ་གཉིས་མཐོང་མ་མྱོང་འཕྲད་མ་མྱོང་བའི་གྲོགས་པོ་བྱས་ཏེ། རྒྱ་གར་རྒྱལ་པོ་དྷརྨཱ་ཕ་ལའི་རིང་ལ་མུ་སྟེགས་པའི་དམག་གིས་ཤྲཱི་ནཱ་ལེནྡྲ་བཅོམ། བསྟན་པ་བསྣུབ་པའི་དུས་སུ་རྒྱ་ནག་རྒྱལ་པོ་དེ་ཝ་རཱ་ཛ་ལ་དཔུང་གྲོགས་དགོས་པའི་འཕྲིན་བསྐུར་བས། ངེད་ཀྱི་དམག་མི་ཐོན། སྐྱེལ་གྱི་ནོར་རྫས་བཟང་པོ་བསྐུར་གྱིས་དེ་ལ་བརྟེན་ནས་ཕྱི་པ་ཐུལ། བསྟན་པ་མ་འགྲིབ་པ་གྱིས་ཤིག་ཟེར་ནས། གོས་ལུ་ཧང་གི་བེར་སྲུབ་