[A:༩༠བ]འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་གྱི་སྐུ་རིང་ལ་བསྟན་དགྲ་ལྷ་ས་རྫོང་པ་སོགས་བདུད་སྤྲུལ་འགའ་ཞིག་གིས་བྱེད་པས་ལྷ་ཁང་ཆེན་མོ་ལ་བསླུས་རྒྱབ། མཆོད་རྫས་བསམ་གྱིས་མི་ཁྱབ་པ་དང་ཆོས་དུང་འདི་ཉིད་སོགས་ཁྱེར་དུས། སྡིག་སྤྱོད་ཀྱི་ཡུལ་དེར་བཞུགས་པའི་གནས་མ་ཡིན་པ་དང་། སླར་ཡང་རྣལ་འབྱོར་དབང་ཕྱུག་གིས་བྱིན་གྱིས་བརླབས་པའི་གནས་གདན་ས་ཆེན་པོ་འདིར་འབྱོན་པར་དགོངས་ཏེ། ཆོས་དུང་གི་ནང་ཐམས་ཅད་འབུས་གང་བ་དང་། མཆོད་པའི་གྲལ་ལ་བཞག་པས་འབུད་མཁན་མེད་པར་མི་ཤིས་པའི་རྟགས་མཚན་གྱིས་རང་སྐད་འདོན་པ་སོགས་མངོན་སུམ་དུ་མི་དགེ་བའི་ལྟས་སྣ་ཚོགས་བསྟན་པ་ལ་བརྟེན་ནས། དེ་འཕྲལ་ཉིད་དུ་གདན་ས་ཆེན་པོ་འདི་ཉིད་དུ་བཤགས་པ་དང་བཅས་ཏེ་ཕུལ་བ་ཡིན་ཞིང་། འདི་ལྟ་བུའི་ཆོས་དུང་འདི་ནི་དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་དང་ཁྱད་པར་མེད་དེ། འདིའི་དྲུང་དུ་གནས་སྐབས་དང་། མཐར་ཐུག་གི་འདོད་པའི་འབྲས་བུ་འབྱུང་བའི་སྨོན་ལམ་ཅི་བཏབ་པ་རྣམས་གང་ཡིད་ལ་བསམ་པའི་དོན་རྣམས་ཐོགས་པ་མེད་པར་སྩོལ་བར་མཛད་པ་མྱོང་གྲུབ་ཡིན་ནོ། །དེ་ལྟར་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་དེ་ཉིད་རྒྱལ་པོ་ཆེན་པོའི་ཏི་ཤྲཱིར་གྱུར་པའི་རྗེས་སུ། སྐྱེས་མཆོག་ཀརྨ་པཀྵི་ཆེན་པོས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་བསྟན་པའི་དུས་སུ། རང་རེའི་བླ་མ་ཆེན་པོ་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་གཉིས་སྣང་མིའི་གཟུགས་སུ་བྱོན་པ་ལ། རྫུ་འཕྲུལ་ཆེ་ཆུང་གི་དབྱེ་བ་མེད་ནའང་འཕྲལ་སྣང་གི་རྫུ་འཕྲུལ་དང་རྟོག་པ་རྟོགས་ལྡན་རྒྱ་བོ་འདི་རང་མཐོ་བ་འདུག་ཅེས་སེ་ཆེན་གྱི་བཙུན་མོ་