[A:༩༨བ]དཀའ་གསུངས་ནས་མ་གནང་། འོ་ན་གལ་ཏེ་ཆོས་ཀྱི་རྗེ་པ་མི་བཞུགས་ན་མཁན་པོ་སུ་ལ་ཞུ་བྱས་པས། དེང་སང་དབུས་གཙང་ཁམས་གསུམ་ན་སློབ་དཔོན་གྲགས་པ་སེང་གེ་བས་མཁས་བཙུན་འཛོམ་པ་མེད། ཁོས་ཤཱནྟི་པའི་དོད་ཕེར་བ་ཡིན་གསུངས་ནས་ཆོས་རྗེ་པས་ཐུགས་ཀྱིས་དགོངས་འདུག་པས་ཆོས་རྗེ་པའི་ཐུགས་དགོངས་རྫོགས་པའི་དོན་དུ་འབྱོན་པར་ཞུ། གལ་ཏེ་ཁྱེད་མ་བྱོན་ན་ངའི་མཁན་པོའི་འོས་གཞན་མི་སྣང་བས་ང་ཚེ་འདི་ལ་བསྙེན་རྫོགས་མི་འགྲུབ་པར་སྣང་། ཆོས་མང་པོའི་ལུང་ཡང་མི་ཐོབ་པར་འདུག་སྟེ་དེ་ཁྱེད་ལ་རག་ལས་པ་ཡིན། ད་ཆོས་རྗེ་པ་ནི་མི་བཞུགས། ཁྱེད་ཁོ་ན་རེ་ཆེ་ཞིང་ལྟོས་པ་ཡིན་པས་ཐུགས་ལ་ཐོགས། ཁྱོད་བྱོན་ན་ཆོས་རྗེ་དང་ཁྱད་པར་མེད་པའི་འདུ་ཤེས་ཡོད་པ་ཡིན་པས་དམ་ཚིག་ལ་དགོངས། ངས་ཞུས་པའི་ཚིག་འདི་རྣམས་ལ་བཅོས་མ་དང་མི་བདེན་པའི་ཚིག་གཅིག་ཡོད་ནའང་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་བདག་གི་སྙིང་ཚལ་པ་བརྒྱར་འགས་པ་ཡིན། བླ་མ་སངས་རྒྱས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་དཔང་དུ་བཞུགས་པ་ཡིན། གཞན་ཡང་ཞུ་བའི་ཚིག་འགའ་ཞིག་ཚིགས་སུ་བཅད་དེ་སྙན་དུ་གསོལ་པ།
བདག་གི་བླ་མ་མྱ་ངན་འདས།
།སྤྲུལ་པའི་དཀྱིལ་འཁོར་དབྱིངས་སུ་ཞི།
།ཡེ་ཤེས་ཉི་མ་ནུབ་པར་གྱུར།
།ཐུགས་རྗེ་སྤྲིན་གྱི་ཕུང་པོ་དེངས།
།དམ་ཚིག་ཆར་གྱི་རྒྱུན་ཡང་ཆད།
།ཀྱེ་མ་བདག་ནི་སྐལ་བ་དམན།
།དམན་པའི་དབང་གིས་དེ་ལྟར་སྣང་།
།སྣང་བས་ཁྱེད་ལ་གསོལ་བ་འདེབས།
།ཁྱེད་ཀྱི་ཐུགས་རྗེས་མ་གཟིགས་ན།
།ད་ནི་བདག་གི་སྟོན་པ་སུ།
།དེ་ལྟར་འཕྲིན་དུ་ཞུས་པའི་ཚེ།
།བླ་མའི་ཡོན་ཏན་དྲན་པ་དང་།
།ཁྱེད་