[A:༩༩ན]ཀྱང་ཡུལ་གྱིས་བསྐལ་པ་ཡི།
།ཉེས་པ་དྲན་ནས་མཆི་མ་ལྷུང་།
།བླ་མའི་བཀའ་དྲིན་སྟོབས་དང་ནི།
།ཁྱེད་ཉིད་ཀྱི་ནི་ཐུགས་རྗེ་དང་།
།བདག་གི་འདུན་པའི་དབང་གིས་ནི།
།གསོལ་བའི་དོན་དེ་འགྲུབ་པར་མཛོད།
།དེ་ལྟར་ཞུས་ལའང་མི་དགོངས་ན།
།ངོ་ཚ་གང་ཡིན་ཁྲེལ་གང་ཡིན།
།དམ་ཚིག་གང་ཡིན་སྙིང་རྗེ་གང་།
།ངུས་ཤིང་བོས་ཤིང་གསོལ་བཏབ་ན།
།འབྲེལ་མེད་ཀྱིས་ཀྱང་ཕན་ཐོགས་པ།
།ཁྱེད་ཀྱི་ཐུགས་རྗེ་ཅིས་མི་འཇུག
།འཕྲིན་ཡིག་འདི་ནི་གཟིགས་ཙམ་གྱིས།
།ཁྱེད་སྐུ་རྟ་མཆོག་སྙིང་རྗེ་ཡི།
།ལྕག་གིས་བསྐུལ་ནས་བརྩོན་པའི་སྟོབས།
།རླུང་གི་ཤུགས་ཀྱིས་འདིར་གཤེགས་ཤིག
།ངེད་རང་དེ་ནར་འོང་། ས་སྐྱར་ཕྱག་རེ་ཙམ་འཚལ་བ་དང་། བསྙེན་རྫོགས་ཤིག་གི་ཆེད་དུ་འོང་བར་སྤྲོ་བ་ལ་འུ་ཅག་གི་འདུན་མའི་རྩ་བ་འདི་ནས་བསྒྲུབ་དགོས་པར་སྣང་བས་མ་འོངས་པ་ཡིན། ད་ཁྱེད་ཀྱིས་ངེད་ལ་ཕྱོགས་མཐའ་དག་ལ་སེམས་པར་ཞུ། ལམ་ཡང་རྒྱལ་སྲིད་འཇགས་པས་བགྲོད་སླ་བར་ཡོད། མདོ་ཁམས་སྒང་ཧྲིལ་པོའང་རང་རའི་སློབ་མ་ཤ་སྟག་ཡིན། དེ་ཐུགས་ལ་ཡོད་པ་གྱིས། དེའི་རྐྱེན་སྐམ་མཆུ་བ་ལ་ཡང་མངགས་ཡོད་པས་ཁོས་ཀྱང་ཞབས་ཏོག་ཏུ་ཅི་འགྱུར་བྱེད་དེ་མཆིས། ཡི་གེའི་རྟེན་དང་འདིར་འབྱོན་པའི་མཐུན་རྐྱེན་ལ་རྒྱལ་པོའི་གན་ནས་བྱུང་བའི་དངུལ་བྲེ་ཆེན་སྲང་ལྔ་བཅུ་རྩ་གསུམ་བྱས་པ་ཅིག་མཆིས། རྒྱ་ཆེར་མ་འཛོམ། སླད་མ་ཁྱེད་འདིར་བྱོན་ནས་རང་རེ་ཐམས་ཅད་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཁ་ན་མ་ཐོ་བ་མེད་པ་ལ་འཚོགས་པ་དང་ཤིན་ཏུ་བཀྲ་ཤིས་པར་སྨོན། ཆུ་ཕོ་བྱི་བའི་ལོ་དཔྱིད་ཟླ་འབྲིང་པོའི་ཡར་གྱི་ཚེས་གསུམ་ལ་