[A:༡༠༢བ]གྱིན་མཇལ་བ་ཞུ་དགོས་བྱ་བའི་རྒྱུ་མཚན་ཡི་གེ་མང་བ་གཅིག་བྲིས་ནས་འཇམ་སེར་སྐྱེལ་དུ་བཏང་བས། ཡི་གེ་ལ་གཟིགས་ནས། འདིར་འོང་ཚད་རང་འདོད་ཀྱིས་འོང་བ་ཡིན། ཆོས་ལ་དམིགས་པ་ཁོ་ལས་མེད་གསུངས་སྐད། དེ་ནས་འཇམ་སེར་ལ་ནང་མོ་ཐེག་ཆེན་གསལ་བའི་ཡིག་སྣ་དང་། ལུང་བསྡུ་བ་གཉིས་ཁོང་ལ་སྐྱོལ་ལ་གཟིགས་སུ་ཆུག ཁོང་བཞུགས་ས་དང་འོ་མི་བརྒྱལ་བར་ཨེ་སྣང་ལྟོས་གསུངས་པས། ནང་མོ་ངེད་ཀྱི་དྲུང་དུ་འཇམ་སེར་དར་ཁ་གང་ཐོགས་ནས་བྱུང་བས། བླ་མས་གཞན་དང་མི་འདྲ་བར་ཐུགས་ལ་འདོགས་པར་འདུག་གིས་གསུངས་ནས་གསུང་གླེང་མང་དུ་བྱུང་ངོ་། །བླ་མ་བྱོན་བའི་ཕྱི་ནུབ་ཚེས་བཅུ་དྲུག་གི་ནུབ་མོ་འཇམ་སེར་འབོད་དུ་བཏང་ནས་བྱུང་བས། ངེད་དཔོན་གཡོག་གསུམ་གྱིས་ཕྱིན། སྤྱན་སྔར་མཇལ། ཕྱག་རྟེན་ཕུལ། ཇ་དྲངས་གསུང་གླེང་མང་དུ་བྱུང་ངོ་། །དེ་ནས་དེ་ནུབ་ཅི་ཞུ་གསུངས་པས། བཀའ་གདམས་པའི་ཆོས་ཀྱི་མཐིལ་ལགས་པས་སེམས་བསྐྱེད་ཟབ་པ་ཅིག་ཞུ་དགོས། སྔགས་ཀྱི་ཡང་ངེད་ཀྱི་དམ་ཚིག་ནི་ཐུབ། རྒྱུད་ནི་མི་ཐོས་པར་གདའ། སྒོར་ཞུགས་སུ་བཏུབ་མི་བཏུབ་གཟིགས་ནས། བཏུབ་ན་ཞུགས་པར་ཞུ་བྱ་བ་ལ་སོགས་པའི་ཞུ་བ་མང་པོ་ཅིག་སྙན་དུ་གསོལ་བས། ཁྱེད་ལྟ་བུ་ལ་རྒྱུད་ཐོས་མི་འཚལ། ངེད་ཀྱི་ཆོས་ཀྱི་མཐིལ་ལགས་པས་སྔགས་ཤིག་གི་ཡང་སྒོར་ཞུགས་འཚལ། དོ་ནུབ་སེམས་བསྐྱེད་བགྱི་བས་རྟེན་ཁྲོམ། མཆོད་པ་ཤོམ་གསུངས་ནས་མཆོད་པ་བཟང་པོ་བཤམ་མོ། །དེ་ནས་ཚུར་ནུད་གསུངས་ནས་བླ་མའི་དྲུང་དུ་བཞག་སྟེ། མེ་ལོང་གི་མཎྜལ་ཆེན་མོ་གཅིག་གི་སྟེང་དུ་ཆུ་བླུགས། བདག་གི་ལག་པ་བླ་