[A:༡༠༣བ]བཏང་། ཇ་མང་པོ་དྲངས་ནས། བཀའ་གདམས་པའི་ཇོ་བོ་ཡབ་སྲས། རྣལ་འབྱོར་པ་རྣམ་པ་རྣམས་སྐུ་མཆེད་གསུམ། གླང་ཐང་བ། ཤར་པ། སྣེ་ཟུར་བ། བྱ་ཡུལ་བ། སྟོད་ལུང་པ་ལ་སོགས་པའི་བཀའ་གདམས་པ་གོང་མ་རྣམས་ཀྱི་མཛད་སྤྱོད། རྣམ་ཐར། ཡོན་ཏན། དགུང་ལོ་དུ་ལ་འདས་པ། མཚན་དང་རུས་ཅི་ཡིན་པ། ཚོགས་པ་ཇི་ཙམ་འདུས་པ་ལ་སོགས་པ་མ་བཟླུགས་བར་ལ་འདྲི་བ་ཅིག་གདའ་བས། དེ་རྣམས་བདག་ལ་ཞིབ་མོ་ཡོད་པས་ཤིན་ཏུ་མཉེས་ནས། དེ་རྣམས་ཀྱི་མཚན་ཀུན་ཕལ་ཆེར་ཡི་གེར་བྲིས་སོ། །དེའི་སྐབས་སུ་བདག་གི་སྟོན་པ་དཀོན་མཆོག་སེང་གེ་ལ་བསྐུར་བའི་ཞུ་ཡིག་དེ་རྣམས་ལ་ལན་ལེགས་པ་ཅིག་མ་བྱུང་ན་ཁོ་བོ་ཡི་ཆད་པར་ཡོད་པས། བླ་མས་སྔར་མ་གྲུབ་ཀྱང་མར་ལ་གདན་དྲངས་ནས་མ་གིར་མཛད་ནས་ཡར་བསྐུར་བའམ། ཡང་ན་ས་སྐྱ་ལྟ་བུར་ཞུ་ཡིག་དང་གསུང་འཕྲིན་བསྡེབས་ནས་བསྐུར་ན་ལན་ཡོང་བའི་རིགས་ཨེ་ཡོད་ཅེས་ཞུས་པས། ས་སྐྱ་ན་འདི་རྣམས་ཀྱི་ལན་འོང་བ་ཡོད་ན་ང་ཁོ་ན་དགའ་སྟེ་མེད། ཁྱོད་ཀྱི་ཡི་གེ་རྣམས་ངས་ཚགས་བྱས་ཡོད་གསུངས་ནས། ཆོས་ཁུག་ནས་ཞུ་ཡིག་གི་ཡི་གེ་རྣམས་བྱུང་། མར་མེའི་འོད་ལ་བླ་མ་ཉིད་ཀྱིས་རེ་རེ་ནས་བཀླགས། འདི་ལ་ཁྱོད་ཇི་ལྟར་འདོད་ཟེར་བ་རེ་རེ་བྲིས། དེ་རྣམས་ཀྱི་ལན་འདི་ལྟར་འོང་བ་ཡིན་གསུངས་ནས་མཚན་ཡལ་དེར་དེ་རྣམས་ཀྱི་ལན་གསུངས། ཞུ་དག་མཛད་ནས་འཇམ་སེར་འདི་རྣམས་ཁྱོད་ཀྱིས་ཚགས་གྱིས་ཤིག འདི་རྣམས་ལ་ལུང་རིགས་ཐམས་ཅད་འཛོམ་པའི་ལན་ལེགས་པ་ཁོང་མཉེས་པ་ཅིག་མ་གིར་བྱས་སླར་ཡར་བསྐུར་བ་ཡིན་གསུངས་ནས་ཞུ་ཡིག་དེ་རྣམས་