[A:༡༠༨བ]མོད། བསླབ་བྱ་མ་བསྲུངས། མི་དགེ་བ་མ་སྤངས་ན་གང་ཟག་གིས་སེམས་བསྐྱེད་བཏང་བ་ཡིན་པས། སྡིག་པའི་རྣམ་སྨིན་ངན་སོང་དུ་སྐྱེ་སྟེ། སྐྱེས་ཀྱང་དེ་ནས་ནམ་ཞིག་ཐར་བའི་ཚེ། ད་ལྟར་གྱི་སེམས་བསྐྱེད་བྱས་པའི་ས་བོན་དེ་ཀུན་གཞིའི་ཐོག་ཏུ་བག་ཆགས་བཞག་པས། དེས་སེམས་བསྐྱེད་ཕྱི་མ་སྐྱེ་བའི་རྒྱུ་བྱེད་པས། སེམས་བསྐྱེད་ཀྱིས་གང་ཟག་མ་བཏང་ཞེས་བྱ། དེ་ལྟར་འོང་བའི་རྒྱུ་མཚན། ཐེག་པ་ཆེན་པོའི་བྱིན་རླབས་དང་། ཆེ་བ་དང་། བརྟེན་འབྲེལ་ཡིན་ནོ། །རྒྱུ་མཚན་གཉིས་པ་འཇམ་དཔལ་གྱིས། བདུད་དཀར་པོ་ལ་དགའ་བ་དང་ནག་པོ་ལ་དགའ་བའི་རིགས་གཉིས་ཡོད་པ་ལ་སེམས་བསྐྱེད་གྱིས་བྱས་པས། བདུད་ཐམས་ཅད་ཅི་བྱས་ཀྱང་མཉན། དེར་འཇམ་དཔལ་གྱིས་སེ་གོལ་གཅིག་བརྡབས་པས། བདུད་ཐམས་ཅད་རྒན་པ་དང་། རྒུད་པ་དང་། མི་མཛེས་པའི་མཚན་མ་མཐའ་དག་དང་ལྡན་པར་གྱུར་པས། ད་འདི་ལས་ཐར་པའི་ཐབས་སུ་ལ་ཡོད་ཅེས་གླེང་པས། ཐར་པའི་ཐབས་ཤཱཀྱ་ཐུབ་པ་ལ་ཡོད། འཇམ་དཔལ་ཉིད་ལ་ཡོད། གཞན་སུ་ལའང་མེད་ཅེས་འཆམ། འཇམ་དཔལ་འོ་སྐོལ་གྱི་དགྲ་ཡིན་ཞུ་བ་མི་ཡོང་། ཤཱཀྱ་ཐུབ་པ་ལ་འདི་དག་ལས་སྒྲོལ་བར་མཛད་དུ་གསོལ་ཞེས་ཞུས་པས། ང་ལྟ་བུ་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཀྱང་འཇམ་དཔལ་གྱིས་བཅིངས་པ་བྱས་པ་ལས་སྒྲོལ་བར་མི་ནུས་གསུངས་ནས་མ་གནང་། དེར་དཀར་པོ་ལ་དགའ་བ་རྣམས་ན་རེ། ད་ལྟའི་འདུག་སོང་ན་འོ་སྐོལ་རྣམས་ལས་གྱོང་ཆེ་བ་མེད་པས་འཇམ་དཔལ་རང་ལ་སྒྲོལ་བར་ཞུ་དགོས་བྱས་པས། ནག་པོ་ལ་དགའ་བ་རྣམས་ན་རེ། འདི་བས་ཤི་བར་སོང་ན་