[A:༡༡༢བ]གིས་བསྐོར་ནུས། །ལས་ཀྱི་ཤུགས་ཀྱིས་དེ་ལྟར་འོང་བ་ཡིན་གསུངས། བར་དོ་གསུམ་གྱི་སེམས་ཅན་གང་མང་ཞུས་པས། དེ་སྲིད་པ་བར་དོ་མང་གསུངས་ནས་རྒྱུ་མཚན། རི་བོ་མཆོག་རབ་ཤའི་ཕུང་པོར་སོང་ཡང་ཞག་ཤས་ནས་འབུ་རུ་ཆགས་གསུངས་སོ། །གསོན་གྱི་ལས་གཤིན་ལ་སྨིན་ནམ་མི་སྨིན་ཞུས་པས། འདི་ལ་བཤད་པ་མང་། སྨིན་པའི་ཁུང་དང་མི་སྨིན་པའི་ཁུང་གཉིས་ཀ་ཡོད་དེ། བདག་རྐྱེན་བྱས་པའི་ཚུལ་གྱིས་སྨིན་ལ། རྒྱུ་རྐྱེན་བྱས་པའི་ཚུལ་གྱིས་མི་སྨིན་པས། གཉིས་ཀ་ལྟར་མི་འགལ་གསུངས། སོ་སོ་སྐྱེ་བོའི་མཚན་ཉིད་དང་ངེས་ཚིག་གང་ལགས་ཞུས་པས། ཆོས་ཉིད་དངོས་སུ་མ་མཐོང་བ་ཐམས་ཅད་སོ་སོ་སྐྱེ་བོ་ཡིན་པ་ལས་རང་རང་གི་ལས་མི་འདྲ་བ་སོ་སོ་ལས་སྐྱེས་པས་སོ་སོ་སྐྱེ་བོ་ཞེས་ཐོགས་པ་ཡིན་གསུངས། འཕགས་པའི་མཚན་ཉིད་དང་ངེས་ཚིག་ཞུས་པས། ཆོས་ཉིད་དངོས་སུ་མཐོང་། ལས་དང་ཉོན་མོངས་པ་གཉིས་ཀ་ལས་རིང་དུ་འཕགས་པས་འཕགས་པ་ཡིན་གསུངས། དམ་ཚིག་གི་ངེས་ཚིག་གང་ལགས་ཞུས་པས། དམ་ཚིག་དག་གི་ངེས་ཚིག་ནི། །འདའ་བར་དཀའ་བས་དམ་པ་དང་། །འདས་ན་ཚིག་པས་ཚིག་ཅེས་བྱ། །དེས་ན་འདའ་ཞེས་ལེགས་པར་བསྲུངས། །བྱ་བ་ཡིན་གསུངས། སྤྱིར་ལས་རྣམ་སྨིན་དང་རྒྱུ་མཐུན་གཉིས་གཅིག་ཡིན་པ་ལ། རྣམ་སྨིན་འབྱོར་པ་ཅན་ལ་རྒྱུ་མཐུན་སེར་སྣ་ཅན་དང་། རྣམ་སྨིན་ཚེ་ཕྲིལ་གྱི་དབུལ་པོ་ལ་རྒྱུ་མཐུན་ཆགས་ཞེན་ཡེ་མེད་པའང་ཡོང་ཟེར་བ་གདའ་བ། དེ་ལས་ཅི་འདྲ་བ་ཅིག་ལས་འབྱུང་ཞུས་པས། དེ་གཉིས་གཅིག་པ་ཤས་ཆེ་བ་ཡིན། མི་གཅིག་པའི་ལས་དེ། ངས་ངའི་རྒྱལ་པོ་མ་