[A:༡༢ན]དེར་བཞུགས་པས་རྟེན་འབྲེལ་ཕུན་སུམ་ཚོགས་པ་འགྲིགས་ཤིང་། དེ་རྗེས་རིམ་གྱིས་ཟླ་གྲངས་ཚང་བ་ན། རྗེ་བཙུན་ཁའུ་པ་ཉིད་ཀྱི་བཀའ་ལུང་ལ། ད་ནི་འདི་ཕྱོགས་སུ་གདན་དྲོངས་ཤིག བཀུར་སྟི་རིམ་གྲོ་གང་དྲག་ང་རང་གིས་བྱེད་པ་ཡིན་ནོ་གསུངས་ནས་ཡུམ་གྱི་ཕྲུ་མར་ཕེབས་ཤིང་། དེ་ནས་རེ་ཞིག་སོང་བ་ན་ཡབ་དཀོན་མཆོག་རྒྱལ་པོ་དགུང་ལོ་ང་དགུར་ཕེབས་བ་ན། ཨངྒིར་ཞེས་པ་ཆུ་ཕོ་སྤྲེའུའི་ལོ་ངོ་མཚར་བའི་ལྟས་དུ་མ་དང་བཅས་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ་ཉིད་ད་ལྟ་ཕྲུ་མའི་བདུད་འདུལ་མཆོད་རྟེན་དུས་འཁོར་ནས་བཤད་པ་བཞིན་སྔགས་འཆང་ཆོས་ཀྱི་རྒྱལ་པོས་གསར་བཞེངས་གནང་བ་བཞུགས་པའི་ས་འདིར་འཁྲུངས་པ་ཡིན་ནོ། །དེ་ལ་དགོངས་ནས་བར་སྐབས་སུ་ཕྱོགས་འདི་ན་ཤག་ས་ཉོར་ཞིག་ལས་གཞན་མེད་པ་ལ། དུས་ཕྱིས་ཕྲུ་མའི་དགོན་གནས་ངོ་མཚར་ཅན་འདི་ཡང་སྔགས་འཆང་བླ་མ་དེ་ཉིད་ཀྱིས་གསར་དུ་འདེབས་པར་མཛད་པ་ཡིན་ལ། དེ་ནས་ཇོ་སྲས་འཁྲུངས་མ་ཐག་གནམ་ཁའུ་པས་སྐུ་པང་དུ་བཞེས་ཤིང་བསྔགས་པ་ཆེས་ཆེར་མཛད་དེ། །འདི་ནི་ངེས་པར་སྤྱན་རས་གཟིགས་སམ། བྱང་ཆུབ་སེམས་དཔའ་སྦྱིན་པ་དཔལ་ཉིད་ཡིན་ལ། རྣལ་འབྱོར་དབང་ཕྱུག་ཉིད་དུའང་མི་འགལ་བ་ཡིན་ནོ་ཞེས་གསུངས་ཤིང་། དེ་ནས་སྐུ་སྐྱེད་ཤིན་ཏུ་ཆེ་བས་ཀུན་གྱིས་མཐོང་ན་དགའ་ཞིང་ཡིད་དུ་འོང་བ་ཞིག་བྱུང་བས་མཚན་ཡང་ཀུན་དགའ་སྙིང་པོར་གསོལ་ཞིང་། རེ་ཞིག་རྡོ་རྗེ་ཕྱུག་མོ་ལ་གསང་བ་ལས། སྐབས་ཤིག་ན་ཁོང་གི་ཤེས་ནས་དེ་མ་ཐག་འཁོན་སྟོན་ཆེན་པོ་ལ། ཉིད་ཀྱི་བརྒྱུད་འདི་ཆད་དུ་ཕོངས་པ་ཡིན་པས། ཞང་མོ་ལ་སྲས་ཡོད་པ་དེ་