[A:༡༢༢ན]པས། དེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་ལོ་ཙཱ་བ་དགུ་ཡོད་པའི་ཤེས་རབ་ཆེ་ཤོས་ལགས། འཇམ་དཔལ་གྱི་སྤྲུལ་པ་ཡིན་དེ་དང་དུས་མཚུངས་གསུངས། དེ་ནས་བླ་མ་ཡན་ཆད་ལ་མི་རབས་དུ་ཐལ་ཞུས་པས། བཅོ་ལྔ་བཅུ་དྲུག་སོང་ནས་གདའ་གསུངས། འོ་ན་ཆོས་རྗེ་པ་འདས་ཙ་ན་རྒྱ་གར་ཤར་ཕྱོགས་མུ་མུ་ནེའི་ཡུལ་དུ་རྒྱལ་པོ་ཉི་མའི་སྟོབས་འཕེལ་གྱི་སྲས་སུ་འཁྲུངས་པ་ཡིན་ཟེར་བའི་ཡི་གེ་གདའ་བ་དེ་ཆོས་རྗེ་པ་ཉིད་གསུངས་པ་ལགས་སམ་ཞུས་པས། དང་པོ་དེ་ང་ལ་མི་གསུངས་ཏེ། བི་ཇི་སྨན་པ་ལ་དེ་སྐད་གསུངས་སྐད། དེ་ནས་ངེད་ཀྱིས་ཞུས་པས་ཀྱང་ཞལ་གྱིས་བཞེས་ཏེ། མཚམས་སུ་ལོ་འགའ་སྐྱེ་བ་གཞན་ཅིག་གིས་བར་དུ་གཅོད་པར་གདའ། ད་ཙམ་འཁྲུངས་ནས་ལོ་ཤས་ལོན་པ་དེ་སྐད་ལགས་གསུངས། འོ་ན་བླ་མ་ལ་ཆོས་མང་དུ་ཐོས་པ་ཀུན་གྱི་ཚིག་དོན་ལ་རྟོག་དཔྱོད་ཐོངས་པས་བླ་མའི་ཡོན་ཏན་རྟོགས་ནས་འོང་། ཡུན་རིང་དུ་འགྲོགས་པ་ཀུན་གྱིས་ཡོངས་སུ་འདྲི་བ་དང་། སྤྱོད་ལམ་གྱི་སྒོ་ནས་ཡོན་ཏན་རྟོགས་ནས་འོང་བ་ལ། བདག་གིས་ཆོས་ཐོས་པར་ཡང་མི་འདུག འགྲོགས་པའི་སྐལ་བ་ཡང་མི་འདུག་པས། བླ་མས་སྐུ་ཆེ་བའི་ཡོན་ཏན་ཅིག་གསུང་བ་ཞུ་དང་བགྱིས་པས། སྐུ་ཆེ་བའི་ཡོན་ཏན་ག་རེ་ཅི་ཡོད་ན་གསུངས་ནས་འཛུམ་འཛུམ་བཞུགས། སྐུ་ཆེ་བའི་ཡོན་ཏན་དེ་ཚེ་སྔ་མ་ཕན་ཆོད་སྦྱིན་པ་བཏང་བའི་ཞད་དུ་གདའ། གར་བསྡད་བསྡད་དུ་ལོངས་སྤྱོད་ཕུན་སུམ་ཚོགས་པར་འོང་བར་འདུག ཚུལ་ཁྲིམས་བསྲུངས་པའི་ཞད་དུ་གདའ། མི་ལུས་གཙང་མ་ཐོབ་ནས་འདུག བཟོད་པ་བསྒོམས་པའི་ཞད་དུ་གཟུགས་བཟང་ཞིང་མཛེས་པར་