[A:༡༣ན]བསྟན། དེ་ནས་ཕྱག་འཚལ་སྒང་དུ་ཕེབས་པ་དང་ཆིབས་པ་བབས་ནས་འཁོར་རྣམས་ལ་མཆོད་པ་ཤོམ་གསུངས་ནས་ས་དཀར་ལོགས་ལ་ཕྱག་མཆོད་རྒྱས་པར་མཛད་པ་ལ། འཁོར་རྣམས་ཀྱིས་དེ་ལྟར་མཛད་པ་ཅི་ལགས་ཞུས་པས། ཁྱེད་རྣམས་ཀྱིས་མ་མཐོང་བ་ཡིན་ནམ། ས་དཀར་པོ་ཕ་གི་ལོགས་ལ་དྷཱིཿཡིག་བདུན་དང་། ཧྲཱིཿཡིག་གཅིག ཧཱུྃ་ཡིག་གཅིག་རྣམས་འདུག་པ་ལ་ཕྱག་མཆོད་བྱས་པ་ཡིན་གསུངས། དེ་ཅིའི་ལྟས་ལགས་ཞུས་པས། མ་འོངས་པའི་དུས་སུ་འཇམ་དབྱངས་ཀྱི་སྤྲུལ་པ་བདུན། སྤྱན་རས་གཟིགས་ཀྱི་སྤྲུལ་པ་གཅིག ཕྱག་ན་རྡོ་རྗེའི་སྤྲུལ་པ་གཅིག་སྟེ་དགུ་ཐོག་མར་འབྱོན་ཞིང་། གཞན་ཡང་རིགས་གསུམ་མགོན་པའི་སྤྲུལ་པ་རྒྱུན་མི་ཆད་པ་གནས་ཕ་གིར་བྱོན་ནས་འགྲོ་བའི་དོན་མཛད་པའི་རྟགས་སུ་འདུག་གསུངས་པ་དང་། གཞན་ཡང་སློབ་དཔོན་པདྨས་ཀློང་གསལ་མཁའ་འགྲོ་སྙན་བརྒྱུད་ཀྱི་ལུང་བསྟན་ལས། ཀུན་དགའ་སྙིང་པོ་ས་སྐྱ་ལོ་ཙཱ་དང་། །བསོད་ནམས་རྩེ་མོ་གྲགས་པ་རྒྱལ་མཚན་ཞེས། །རིགས་གསུམ་མགོན་པོའི་སྤྲུལ་པ་གཙང་དུ་འབྱུང་། །ཞེས་དང་། ས་སྐྱར་ལོ་ཙཱ་ཀུན་དགའི་མིང་། །འཕགས་པའི་མིང་ཅན་གཉིས་བྱུང་ནས། །བོད་འབངས་སེམས་ཅན་བདེ་ལ་ཕན། །སངས་རྒྱས་བསྟན་པ་ལྔ་བཅུ་འཛིན། །འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཡིན། །ཞེས་གསུངས། དེ་དག་གི་དོན་སློབ་དཔོན་རིན་པོ་ཆེས་ས་ཆེན་ལ་བསྟོད་པར། མགོན་ཁྱོད་ངེས་པར་རྡོ་རྗེ་འཆང་དབང་དང་། །འཇམ་པའི་དཔལ་ལས་གཞན་དུ་ཡོད་མ་མཆིས། །ཞེས་དང་། རྗེ་བཙུན་ཆེན་པོས། འཇམ་པའི་དཔལ་ཡང་མི་ཡི་གཟུགས་