[A:༡༣༥ན]གསལ་བར་བྱུང་ཞེས་གསུངས་པ་ལ་སོགས་པ་དེ་ལྟ་བུའི་ངོ་མཚར་བའི་ཚུལ་དུ་མས་ཉིན་མཚན་འདའ་བར་གྱུར་ཅིང་། བླ་མ་ཆོས་ཀྱི་རྗེའི་དུས་ཀྱི་མཆོད་པ་ཡང་ཟླ་བ་བཅུ་པའི་ཚེས་གཅིག་ནས་བཟུང་འཛུགས་པར་མཛད། ཐུགས་དམ་མཆོད་པ་སོགས་སྔར་བས་ལྷག་པར་གྱ་ནོམ་པ་མཛད་པ་ལ། དྲུང་ན་གནས་པ་ཐམས་ཅད་ཀྱིས་ཆོས་རྗེའི་དུས་མཆོད་སྔར་ནས་ཟླ་བ་བཅུ་གཅིག་པ་ལ་མཛད་པ་མ་ལགས་སམ་ཞེས་ཞུས་པས། དེ་བཞིན་ཡིན་མོད་ཀྱི། བླ་མ་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས་པ་ནི་ཟླ་བ་རེ་ཙམ་བྱེད་པ་དམ་བཅས་པ་ཡིན་པ་ལ། བཅུ་གཅིག་པའི་ཟླ་བ་ཚང་བར་མཎྜལ་འབུལ་བ་ལ་སོགས་མ་བྱུང་དོགས་ནས་བསུ་བ་ཡིན་མོད་གསུངས་ནས། ཟླ་བ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཀྱི་བར་དུ་ཚོགས་སུ་བྱོན་ནས་ཆོས་ཀྱང་གསུངས་ལ། བཅུ་དགུ་དང་ཉི་ཤུ་ཉེར་གཅིག་གསུམ་ལ་གཟིམ་ཁང་ཉིད་དུ་བཞུགས་པར་གྱུར། དེ་ནས་ཟླ་བ་དེ་ཁའི་ཉི་ཤུ་གཉིས་ཀྱི་སྔ་དྲོའི་ཆ་ལ་མཆོད་པའི་ཚོགས་རྒྱ་ཆེན་པོ་ཤོམས་གསུངས་ནས་རྡོ་རྗེ་དྲིལ་བུ་བསྣམས་ཏེ། རྟག་འཛིན་ཅན་རྣམས་ཀྱིས་རྟག་པར་འཛིན་པའི་ལོག་རྟོག་བསལ་བ་དང་། ལེ་ལོ་ཅན་རྣམས་བརྩོན་འགྲུས་ཆེན་པོ་ལ་བསྐུལ་བ་དང་། དེས་འདུལ་བའི་སེམས་ཅན་རྣམས་འདུལ་བའི་ཕྱིར་ནམ་མཁའ་ལས་སྒྲ་དང་། འོད་དང་། མེ་ཏོག་གི་ཆར་འབབ་པ་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་དང་བཅས་དགུང་ལོ་ཞེ་དྲུག་པ་ལྕགས་ཕོ་འབྲུག་གི་ལོ་ལ་ལྷ་ཁང་བླ་བྲང་དུ་མྱ་ངན་ལས་འདའ་བ་ཆེན་པོའི་ཚུལ་བསྟན་པར་གྱུར་ཏོ། །དེའི་ཚེ་རྒྱ་མཚོའི་མཐའ་ཀླས་པའི་འཛིན་མ་ཆེན་པོ་ནི་རྣམ་པ་དྲུག་ཏུ་གཡོས་པར་གྱུར། ནམ་