[A:༡༣༦བ]གྲགས་སོ། །དེ་དག་ལ་འདི་སྐད་ཅེས་བྱ་སྟེ། སྔོན་ཚེ་སྤྲུལ་པའི་ལོ་ཙཱ་དཔལ་བརྩེགས་བསྲུང་། །ཕྱི་རབས་རྒྱལ་སྲས་ས་སྟོན་རིར་གྲགས་པ། །འཛམ་གླིང་བྱང་ཕྱོགས་སྐྱོང་ཕྱིར་སླར་བྱོན་པའི། །དཔལ་ལྡན་འཕགས་པའི་མཚན་ཁྱོད་བསྔགས་པར་འོས། །འཁྲུངས་མ་ཐག་ནས་ངོ་མཚར་རྣམ་ཐར་གྱི། །སྐྱེས་མཆོག་འཕགས་པ་ཞེས་སུ་ཀུན་ལ་གྲགས། །རྩོད་བྲལ་མཁས་གྲུབ་དུ་མའི་ཆོས་ཀྱི་མཛོད། །མ་ལུས་ཀུན་གྱི་བདག་པོ་མ་ལགས་སམ། །མཐའ་ཡས་འགྲོ་བའི་དོན་མང་མཛད་པའི་ཕྱིར། །ཀུན་གྱིས་མཆོད་འོས་ས་སྐྱའི་གདུང་རིགས་སུ། །བསམས་བཞིན་སྐྱེ་བ་བཞེས་པའི་སྤྲུལ་པའི་སྐུ། །འཕགས་པའི་མཚན་གང་དོན་ལ་གནས་གྱུར་པ། །འགྲོ་བ་འདྲེན་མཛད་ཁྱོད་ལ་འགྲན་ནུས་པ། །འགའ་ཞིག་ཡོད་ན་ལ་ལ་སྟོན་པར་རིགས། །ཁ་ཅིག་ཆོས་ཀྱི་འབྱོར་པས་ཕྱུག་གྱུར་ཀྱང་། །སྲིད་པའི་འབྱོར་པས་རང་སྲོག་འཚོ་བ་ཙམ། །ས་སྐྱོང་རྒྱལ་པོ་སྲིད་ལ་དབང་འབྱོར་ཡང་། །ཆོས་ཀྱི་དབང་ཕྱུག་ཉིན་མོའི་སྐར་མ་ཙམ། །སྲིད་པའི་འབྱོར་པ་འཁོར་ལོས་སྒྱུར་རྒྱལ་དང་། །ཆོས་ཀྱི་འབྱོར་པ་ཟས་གཙང་སྲས་ལྟ་བུ། །གང་ཟག་གཅིག་ལ་ངོ་མཚར་རྨད་བྱུང་ཆོས། །མ་ལུས་རྫོགས་པར་མངའ་བ་ཁྱོད་ལྟ་བུ། །སྔོན་ཆད་མ་བྱུང་ཕྱིས་ཀྱང་མི་འབྱུང་བར། །མངོན་སུམ་གྲུབ་ཕྱིར་སྙིང་ནས་དད་པས་འདུད། །ཁྱོད་ཀྱི་དྲིན་ལས་དཔལ་ལྡན་ས་སྐྱ་པའི། །འཕྲིན་ལས་རྒྱ་མཚོའི་གོས་ཅན་ཁྱབ་པ་ནས། །བཟུང་སྟེ་ས་སྐྱའི་འབངས་སུ་མ་གྱུར་པའི། །དབུས་གཙང་ཁམས་འདིར་སྐྱེ་བོ་སུ་ཡོད་སྨྲོས། །ཞེས་ཀྱང་ཤུགས་འབྱུང་དུ་སྨྲས་སོ། །
དེ་ལྟ་བུའི་བླ་མ་ཆེན་པོ་འཕགས་པ་དང་ཡུམ་གཅིག་པའི་