[A:༡༣༨ན]ཀྱང་ཟླ་བ་དེ་ཁའི་ཚེས་བཅུ་དགུ་ལ་གཤེགས་ཞེས་བཤད་ཀྱང་བརྟག་པར་བྱའོ། །འདིའི་ཡུམ་ལ་ལྕམ་སྲིང་གཉིས་འཁྲུངས་པའི་ལྕམ་སློབ་དཔོན་མ་མདོ་སྡེ་བྱ་བ་མ་ལུས་སུ་གོ་ལ་བྱོན་ནས། སྲས་མུས་ཆེན་རྒྱལ་མཚན་དཔལ་བཟང་ལེགས་པར་འཁྲུངས་ཞེས་གྲགས་ལ། ཡང་ལྕམ་སྲིང་འདི་གཉིས་ཀྱི་ཡུམ་གྱི་ཡུལ། ཡ་རབས་ཁ་རྒྱན་དང་གཙང་བྱམས་པའི་གདུང་རབས་གཉིས་ལས་ས་སྐྱའི་ཆུ་མདོ་ཡིན་པར་བཤད། སྟག་ཚང་གདུང་རབས་དང་། ཉི་སྡེ་བས་མཛད་པའི་གདུང་རབས་གཉིས་ལས་ཤབ་ཀྱི་ཇོ་འགྲོ་མ་ཞེས་བཤད་པས་ཤབ་ཡུལ་དུ་བྱུང་བར་ཡང་བཤད་དོ། །ཡང་བླ་མ་ཟངས་ཚའི་བཙུན་མོ་གསུམ་པ། ཡུལ་མངའ་རིས་གུང་ཐང་། ཕ་མིང་གུང་ཐང་གི་བཙད་པོ། མ་མིང་ལྷ་གཅིག་མཛེས་མ་བྱ་བ་ལ་སྲས་ལྕམ་སྲིང་གཉིས་འཁྲུངས་པའི་ཆེ་བ་སློབ་དཔོན་བསོད་ནམས་འབུམ་དུ་གྲགས་པ་དེས་ཇོ་མོ་གླིང་བཏབ། བཙུན་མའི་སྡེ་བཙུགས་ཏེ་འཆད་ཉན་མཛད་ནས་ངོ་མཚར་བའི་ལྟས་དང་བཅས་གཤེགས་པའི་ནང་རྟེན་སྒྲོལ་མའི་སྐུ་དུས་མཆོད་ན་བཞུགས་པར་བཤད་ཀྱང་དེང་སང་བླ་བྲང་དེ་ན་མི་བཞུགས། ཡང་དེའི་གཅུང་ཉི་མ་འབུམ་ཞེས་བྱ་བས་གུང་ཐང་དུ་མངའ་བདག་བཀྲ་ཤིས་བརྩེགས་པ་དཔལ་གྱི་ཇོ་མོ་ལ་བྱོན། ཡང་ཟངས་ཚའི་བཙུན་མོ་བཞི་པ་ཡུལ་གཡའ་ལུང་མ། མིང་ཇོ་ལྕམ་ཧོར་མོའམ། ཇོ་མོ་ཧོར་ལྕམ་བྱ་བ་ལ་སྲས་སློབ་དཔོན་མ་རིན་ཆེན་འབྱུང་གནས་འཁྲུངས་ཏེ། དེས་གཙང་ཆུ་མིག་ཏུ་བྱོན་ནས། བརྒྱ་ཚོ་དཔོན་དྲུང་དུ་གྲགས་པ་སྲས་སུ་འཁྲུངས་སོ། །བླ་མ་ཟངས་ཚའི་བཙུན་མོ་ལྔ་པ་ནི། ཡུལ་མངའ་རིས་པ་གུང་ཐང་བཙད་པོའི་སྲས་མོ་