R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༣༧བ
[A:༡༣༧བ]དགུང་ལོ་ཉེར་ལྔ་པ་ལ་གདན་ས་ཆེན་པོ་ཆོས་འཁོར་ལ་ཕབས། དེ་ནས་ལོ་གསུམ་ལྷག་ཙམ་གྱི་བར་དུ་གྲུབ་པའི་སྤྱོད་པས་འགྲོ་བ་མང་པོ་སྨིན་གྲོལ་ལ་བཀོད་ནས། དགུང་ལོ་ཉེར་དགུ་པ་མེ་མོ་ཡོས་ཀྱི་ལོ་ཟླ་བ་བདུན་པ་གྲོ་བཞིན་ཟླ་བའི་ཡར་ཚེས་གཅིག་ལ་སྒོ་རུམ་དཔེ་ཁང་དུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་ཡིན་ནོ། །ཟངས་ཚའི་བཙུན་མོ་གཉིས་པ་ཡུལ་ས་སྐྱའི་ཆུ་མདོ་མ། ཕ་མིང་རྗེ་བཙད། མ་མིང་མ་གཅིག་ཇོ་འགྲོ་ཞེས་བྱ་བ་ལ་སྲས་ལྕམ་སྲིང་གཉིས་འཁྲུངས་པའི་གཅེན་སློབ་དཔོན་རིན་ཆེན་རྒྱལ་མཚན་ནི། ཡབ་དགུང་ལོ་ང་ལྔ་པ་ས་ཕོ་ཁྱིའི་ལོ་ལ་གདན་ས་ཆེན་པོར་འཁྲུངས་ཤིང་། ཆོས་རྗེ་ཁུ་དབོན་དང་། བླ་མ་འུ་ཡུག་པའི་དྲུང་དུ་ཐུགས་གཉེར་མཛད་དེ། རྒྱུད་མན་ངག་དུ་མ་མཁྱེན་ཅིང་། འདི་ཉིད་ཀྱིས་མཛད་པའི་གསང་སྔགས་ཀྱི་དཀྱིལ་ཆོག་དང་། གཞན་ཡང་རྩོམ་པ་ཅི་རིགས་པ་མཛད་དེ་འཆད་ཉན་ལ་སོགས་པས་བསྟན་པའི་བྱ་བ་དུ་མ་མཛད། འཕགས་པ་རིན་པོ་ཆེ་ཧོར་ཡུལ་ལ་ཕེབས་དུས་གདན་ས་ཡང་མཛད། སླར་གོང་ལ་ཕེབས་ཏེ་རྒྱལ་པོའི་བླ་མཆོད་མཛད་དེ། རྒྱལ་པོའི་ཕོ་བྲང་དང་ཉེ་བར་དགེ་འདུན་གྱི་སྡེ་བཙུགས་པ་ལ་སོགས་པ་བསྟན་པའི་བྱ་བ་རླབས་པོ་ཆེ་དུ་མ་མཛད་ནས། དགུང་ལོ་ཞེ་གཉིས་པ་ས་མོ་ཡོས་ཀྱི་ལོ་མེ་ཏོག་ར་བ་ཞེས་བྱ་བར་ཟླ་བ་གསུམ་པའི་ཚེས་གསུམ་ལ་ཞི་བར་གཤེགས་སོ། །ཡང་ཁ་ཅིག་ལས། འཕགས་པ་དབུས་གཙང་ལ་ཕེབས་སྐབས་རྒྱ་ནག་ཤིང་ཀུན་དང་མེ་ཏོག་ར་བའི་གདན་ས་ལ་སློབ་དཔོན་འདི་བཀོད་ཅེས་འབྱུང་ཞིང་། སྐུ་གཤེགས་ས་ཡང་ཤིང་ཀུན་དུ་གཤེགས་ཞེས་འབྱུང་ལ། ཁ་ཅིག་ལས། ཟླ་བ་ཡང་ཐ་སྐར་དང་། ཚེས་