R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༣༨བ
[A:༡༣༨བ]ལྷ་གཅིག་མཛེས་མར་གྲགས་པ་དེའི་ཉེ་གནས་མ་རྡོ་རྗེ་གདན་དུ་གྲགས་པ་ལ་སྲས་སློབ་དཔོན་ཡེ་ཤེས་འབྱུང་གནས་ཞེས་བྱ་བ། ཡབ་དགུང་ལོ་ང་ལྔ་པ་ས་ཕོ་ཁྱིའི་ལོ་ལ་དཔལ་ལྡན་ས་སྐྱའི་བསམ་གླིང་དུ་སྐུ་འཁྲུངས། ཤར་པ་ཤེས་རབ་འབྱུང་གནས་དང་། ཤར་པ་རྡོ་རྗེ་འོད་ཟེར་གཉིས་ཀྱི་དྲུང་དུ་དམ་པའི་ཆོས་ལ་སློབ་གཉེར་གསན་སྦྱོང་མཛད། བླ་མ་འདི་བཞུགས་པའི་ཁང་པ་ལ་དཔོན་ཆེན་ཤཱཀྱ་བཟང་པོས་ཤར་གླིང་བཞེངས། སླར་ཁམས་ཕྱོགས་ལ་འགྲོ་བའི་དོན་ལ་དགོངས་ནས་ཕེབས། རྒྱལ་པོ་ཧུ་དཀར་ཆེ་ཞེས་བྱ་བའི་བླའི་མཆོད་གནས་མཛད་དེ། མཐར་དགུང་ལོ་སུམ་ཅུ་སོ་བདུན་པ་ཤིང་ཕོ་ཁྱིའི་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་བཞི་ལ་ལྗང་ཡུལ་དུ་ཞི་བར་གཤེགས་ཞེས་གཙང་བྱམས་པའི་གདུང་རབས་དང་། བླ་མ་དམ་པའི་དངོས་སློབ་ཤེས་རབ་རྡོ་རྗེས་མཛད་པའི་གདུང་རབས་སོགས་ཆེ་ཕྲན་ཁ་ཅིག་ལས་བཤད། ཡང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་གདུང་རབས་ལས། དགུང་ལོ་སོ་དྲུག་པ་ཆུ་མོ་བྱའི་ལོ་ཟླ་བ་གསུམ་པའི་ཚེས་བཅུ་ལ་མདོ་ཁམས་སེར་སྣར་གཤེགས་ཞེས་བཤད་ཅིང་། ཉི་སྡེ་གདུང་རབས་ལས་གཤེགས་པའི་གནས་དང་དགུང་ལོ་དེ་དང་མཐུན་པ་ལ། རྒྱལ་གྱི་ཟླ་བའི་ཚེས་བཅུ་གཅིག་ལ་གཤེགས་པར་བཤད་པ་སོགས་གདུང་རབས་སྔ་མ་དེ་རྣམས་སུ་མི་མཐུན་པ་དུ་མ་ཞིག་འབྱུང་ངོ་། །འགྲོ་བའི་མགོན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་བཙུན་མོ་གསུམ་ཡོད་པའི་ནང་ནས། རྒྱལ་པོ་གོ་དན་གྱི་སྲས་མོ་མངྒ་ལ་དང་། མ་གཅིག་ལྡན་ཚ་ཆོས་འབུམ་ལ་སྲས་མི་མངའ་ཞིང་། བཙུན་མོ་གསུམ་པ་ཡུལ་ཞ་ལུ། ཕ་མིང་ཧོར་རྒྱལ་པོའི་ནང་བློན་སྐུ་ཞང་རྔ་སྒྲ་