[A:༡༣༩ན]ཞེས་བྱ་ཞིང་། མ་མིང་མཁའ་འགྲོ་འབུམ་ཞེས་བྱ་བ་ལ་སྲས་བདག་ཉིད་ཆེན་པོ་དྷརྨ་པཱ་ལ་རཀྵི་ཏ་ཞེས་པ་ཡབ་ཞི་བར་གཤེགས་ནས་ཟླ་བ་དྲུག་འདས་པ་ས་ཕོ་འབྲུག་གི་ལོའི་ཟླ་བ་དང་པོ་ལྷ་ཁང་ཆེན་མོ་འགྲམ་འདིང་པ་དང་མཉམ་དུ་རིན་ཆེན་སྒང་གི་ལྷོ་ཐད་གནས་དྲུག་ལྷ་ཁང་དུ་གྲགས་པར་སྐུ་བལྟམས་ཏེ། འདི་ཉིད་སྐུ་ཤིན་ཏུ་གཅེས་པས་ས་གཡོས་ཀྱི་གནོད་པ་བྱུང་དོགས་ནས་ཤིང་ཁང་བླ་བྲང་ཆེད་དུ་གཏད་ནས་བཞེངས། སྐུ་ནར་སོན་པ་དགུང་ལོ་དགུ་ཙམ་བཞེས་པ་ན། བླ་མ་འཕགས་པ་རྒྱ་ཡུལ་ནས་ཡར་བྱོན་དུས་དབང་རྒྱུད་མན་ངག་ལ་སོགས་པ་དུ་མ་གསན་ནས་ཐུགས་སུ་ཆུད་པར་མཛད་ནས། དགུང་ལོ་བཅུ་གཅིག་པ་ལ་བརྟག་གཉིས་གསུངས་ཤིང་། ཚོགས་སུ་ཐུགས་བསྐྱེད་གནང་བས་ཐམས་ཅད་ངོ་མཚར་དུ་གྱུར། དེ་ནས་དགུང་ལོ་བཅུ་གསུམ་པ་ལ་གདན་སའི་འཁུར་བཀུར་ཏེ། འཕགས་པ་རིན་པོ་ཆེ་ཞི་བར་གཤེགས་ནས། དེའི་ཐུགས་དགོངས་རྫོགས་ཐབས་གསོལ་འདེབས་དང་ཆོས་འཁོར་ཆེན་མོ་གནང་དུས་ཚོགས་ཆོས་གསུངས་པས་ཐམས་ཅད་ངོ་མཚར་དུ་གྱུར་ཏེ། གཞན་ཡང་ནང་རྟེན་ལྷ་ཆེན་དཔལ་འབར། ཕྱི་རྟེན་གསེར་འབུམ་ཆེན་མོ། ལྷ་ཁང་འདེབས་བྲིས། བླ་བྲང་སོ་སོར་སྐུ་འདྲ་དུ་མ་དང་། སྐུ་ཚད་བཅུ་གསུམ་སོགས་མང་དུ་བཞེངས། དུས་མཆོད་རྒྱུན་མ་ཆད་པར་འཛུགས་པ་ལ་སོགས་པ་བྱ་བ་རྒྱ་ཆེན་པོ་བསྒྲུབས་ནས། དེའི་ངང་ལའང་སློབ་གཉེར་གྱི་འཕྲོ་བླ་མ་ཡེ་ཤེས་རིན་ཆེན་པ་ལ་གསན་སྦྱོང་མཛད་དེ། དགུང་ལོ་བཅུ་བཞི་པ་ལ་གོང་དུ་བྱོན་པས་སེ་ཆེན་དང་མཇལ་ནས་ཆོས་དང་མཐུན་པའི་གསུང་གླེང་མང་དུ་མཛད་པས་རྒྱལ་