[A:༡༤༢ན]ལས་བཤད། ཡང་སྟག་ཚང་ལོ་ཙྭ་བས་མཛད་པའི་གདུང་རབས་ལས་བླ་ཆེན་གྲགས་འོད་དང་། ཉི་ལྡེ་བ་གུ་ཤྲཱི་ཤེས་རབ་དཔལ་དང་། མི་ཆེན་ཨོ་བུས་དང་གསུམ་གྱི་གདན་ས་ནས་ཏི་ཤྲཱི་གྲགས་འོད་ལ་ཞུ་ཡིག་བྱུང་བ་དང་མཐུན་པར་རྒྱལ་པོ་ལ་དྷརྨ་པཱ་ལ་གཤེགས། བདག་ཉིད་ཆེན་པོ་སྨན་རྩེར་བཞུགས་པས་དེང་སང་བླ་མ་འཕགས་པའི་གདན་ས་བུ་ཆེན་ལ་གཏད་ཡོད་འདུག་པ་སོགས་ནན་གྱིས་ཞུས་པ་དང་། ལྷག་པར་དེའི་དུས་སུ་ས་སྐྱ་པའི་ལྕམ་ཞིག་ཧོར་ཡུལ་དུ་ཕེབས་པ་དེ་གཡང་ལ་ལྷུང་ནས་གྲོངས་པ་ལ་འཇའ་འོད་དང་རིང་བསྲེལ་ལ་སོགས་པ་ངོ་མཚར་གྱི་ལྟས་དུ་མ་བྱུང་བས། རྒྱལ་པོ་ངོ་མཚར་སྐྱེས་ནས། ངའི་བླ་མའི་རུས་ཡིན་པ་ཙམ་གྱིས་ཀྱང་ཆོག་པར་འདུག་པས། བཟང་པོ་དཔལ་ཚོལ་གསུངས་པའི་ལུང་བུད་དེ་སྨན་རྩེ་ནས་བྱོན་ནོ་ཞེས་བཤད་དེ། གང་ལྟར་ཡང་དེའི་ཚེ་མཐུ་སྟོབས་ཀྱི་མངའ་བདག་སྒ་ཨ་གཉན་དམ་པས་ཆོས་སྐྱོང་ལ་འཕྲིན་ལས་བཅོལ། རྒྱལ་པོའི་ཕོ་བྲང་གི་སྟེང་དུ་ལྕགས་ཀྱི་བྱ་རོག་ཆེན་པོ་རི་བོ་ཙམ་བབས་ཏེ། དེའི་སྤུ་འགུལ་བ་ཙམ་གྱིས་ས་ཕྱོགས་ཐམས་ཅད་གཡོ་བ་དང་། གནམ་ཁའུའི་རྡོའི་ཆར་པ་བབས་པ་སོགས་ཆོ་འཕྲུལ་སྣ་ཚོགས་བསྟན་པས་ཀྱང་མྱུར་བའི་གྲོགས་བྱས་ནས། དགུང་ལོ་སོ་ལྔ་པ་ལ་སྨན་རྩེ་ནས་གདན་དྲངས་ཏེ། ཚུར་ལམ་སྔོན་གྱི་རྒྱལ་པོ་བོང་སྣ་ཅན་གྱི་མཁར་དང་། ཀོང་ཇོའི་ཡབ་རྒྱ་རྗེ་བཙད་པོ་ཐང་ཐའི་ཛུང་རྒྱལ་པོའི་གནས་བརྟན་བཅུ་དྲུག་དབྱར་གནས་ལ་སྤྱན་དྲངས་པའི་ས། ལྷ་སའི་ཇོ་བོའི་སྐུ་ཡོལ་བཞུགས་ས་ཕོ་བྲང་ཆེན་པོ་ཀྱིན་ཆང་ཧཱུ་ཞེས་པ་དང་། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་རྟག་ཏུ་ངུ་